༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༠༩ ཚེས་ ༢༣ ཉིན་ཉི་ཧོང་སྐུ་ཚབ་དོན་ཁང་དང་། (Free Tibet Network) ཞེས་པའི་ཚོགས་པ་ཐུན་མོང་གིས་གོ་སྒྲིག་ཞུས་པའི་རྒྱ་ནག་གཞུང་གི་དྲག་གནོན་ཆེ་བའི་སྲིད་བྱུས་འོག་བོད་དང་ཡུ་གུར། ལྷོ་སོག་མི་མང་གི་ངོ་བོ་རྩ་མེད་གཏོང་བཞིན་པར་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་ཐབས་སྐོར་གྱི་ཚོགས་འདུའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་མཉམ་ཞུགས་གནང་ཡོད། ཚོགས་འདུའི་བགྲོ་གླེང་པ་གཙོ་བོའི་ཁོངས་སུ་ཡུ་གུར་དང་ལྷོ་སོག་གི་སྐུ་ཚབ་རྣམ་པ་ཕེབས་ཡོད་པ་རེད།
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཚོགས་འདུའི་ནང་ད་ཆ་བོད་ནང་གི་གནད་དོན་ཛ་དྲག་ཆེ་ཤོས་ནི་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་གི་ཡོད་པ་དེ་ཡིན་པ་དང་། དེའི་ཐད་རྒྱ་གཞུང་གིས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭའི་ནང་བོད་ཕྲུག་ནང་འཇུག་བྱས་ཏེ་བོད་ཕྲུག་རྣམས་རང་ཉིད་ཀྱི་ཕ་མ་དང་རིག་གཞུང་ལས་རྒྱང་ཐག་རིང་དུ་གཏོང་གི་ཡོད་སྐོར་གསུངས་པ་མ་ཟད། ཨེ་ཤི་ཡའི་མི་འབོར་ཐེར་འབུམ་ ༡་༨ བོད་ནས་ཐོན་པའི་གཙང་ཆུར་འཚོ་བ་བརྟེན་ནས་བསྡད་ཡོད་པས་བོད་མཐོ་སྒང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེ་བའི་སྐོར་དང་། དེ་བཞིན་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༦ ནས་༢༠༢༢ བར་ཆོག་མཆན་མེད་པའི་ཐོག་བོད་མི་གྲངས་ས་ཡ་གཅིག་ཙམ་གྱི་རིགས་རྫས་དཔེ་མཚོན་བསྡུ་རུབ་བྱས་ཡོད་སྐོར། ཉེ་ལམ་བོད་ནང་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཤུགས་ཆེ་འགྲོ་བའི་སྐབས་རྒྱ་ནག་གཞུང་གིས་སྟངས་འཛིན་ཚགས་ཚུད་མ་བྱས་པར་ལྷ་ས་ཁོ་ནར་བོད་མི་བརྒྱ་ཆ་ཉི་ཤུ་ནས་སུམ་ཅུ་ཙམ་རྒྱལ་ས་ནས་ཕྱིར་འདོན་གྱིས་ཟས་བཅུད་དང་སྨན་བཅོས་ཀྱི་ཐུན་རྐྱེན་ཧ་ཅང་ཞན་པོའི་ངང་བཞག་ཡོད་སྐོར་འགྲེལ་བརྗོད་གནང་།གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གིས་བཙན་བཟུང་མ་བྱས་སྔ་རོལ་དུ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། ལོ་རྒྱུས་སྨྲ་བ་མཧི་ཀལ་ཝན་ཝལཊ་པྲཀ་ (Michael van Walt van Praag) ལགས་དང་རྒྱ་ནག་གི་གཙུག་ལག་སློབ་དཔོན་ལཧུ་ལགས་ཀྱིས་ཉམས་ཞིབ་གནང་བའི་ལོ་རྒྱུས་དེབ་ནང་བོད་དེ་གནའ་དུས་ནས་རྒྱ་ནག་གི་ཆ་ཤས་སུ་གྱུར་མེད་པ་གསལ་སྟོན་གནང་ཡོད་ཅིང་། དེ་ལྟ་བས་ན་ད་ལྟའི་ཆར་རྒྱལ་སྤྱིའི་མི་མང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཞེས་བཤད་པ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་བ་ཡིན་པ་གསུངས། དེ་བཞིན་ཉི་ཧོང་གཞུང་ལ་འབོད་སྐུལ་གྱི་ཚུལ་དུ་གསུང་དོན་ལ། བོད་དང་ཡུ་གུར་ལྷོ་སོག་མི་མང་གི་དཀལ་སེལ་སླད་ཉི་ཧོང་གཞུང་ནས་རྒྱ་ནག་ཐོག་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་གནང་དགོས་པ་མ་ཟད། རྒྱལ་སྤྱིའི་སྟེང་རང་དབང་དང་། མང་གཙོ། ཁྲིམས་ཀྱི་དབང་བསྒྱུར་སྲུང་སྐྱོབ་ཆེད་ཉི་ཧོང་ཐེ་བའི་རྒྱལ་སྤྱིའི་གཞུང་ཁག་ནས་རྒྱ་ནག་གཞུང་ལ་གདོང་ལེན་བྱེད་དགོས་པ་སོགས་ཀྱི་ཐད་གསུང་བཤད་གནང་ཡོད་པ་རེད།ཉི་ཧོང་ཡུ་གུར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨུ་ཊ་ཀེ་རི་མུ་ (Uda Kerimu) ལགས་ཀྱིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེ་གཏོང་བཞིན་པར་ཐུགས་འཚབ་དང་སྦྲགས་རྒྱལ་སྤྱིའི་མི་མང་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་ཡུ་གུར་མི་རིགས་སྡེབ་གསོད་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་། ཕྱོགས་མཚུངས་ཉི་ཧོང་ལྷོ་སོག་མི་མང་ལྷན་ཚོགས་ཀྱི་སྐུ་ཞབས་ཨོལ་ཧུ་ནུ་ (Olhunud Daichin) ལགས་ཀྱིས་ལྷོ་སོག་ནང་དུ་རྒྱ་མི་ཕོན་ཆེ་གནས་སྤོ་བྱས་པར་བརྟེན་རང་ཡུལ་དུ་ལྷོ་སོག་མི་མང་རྣམས་གྲངས་ཉུང་མི་རིགས་སུ་གྱུར་ཡོད་པའི་ཛ་དྲག་གནས་སྟངས་འགྲེལ་བརྗོད་གནང་ཡོད།གཞན་ཡང་ཚོགས་འདུའི་ཐོག་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤི་མོ་མུ་ར་ (Shimomura Hakubun) ལགས་དང་། ཉི་ཧོང་གྲོས་ཚོགས་འཐུས་མིའི་ཡུ་གུར་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་མི་ཙུ་བ་ཡ་ཤི་ (Mitsubayashi Hirumi) ལགས། National Institute of Fundamentals ཞེས་པའི་བསྟི་གནས་ཁང་གི་ཚོགས་གཙོ་ས་ཀུ་རི་ (Sakurai Yoshiko) ལགས། Free Tibet Network ཞེས་པའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མ་ཀི་ནོ་ (Makino Seishu) ལགས། ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་བཅས་མཉམ་ཞུགས་གནང་ཡོད།
ཚོགས་འདུའི་རྗེས་གསར་འགོད་གསལ་བསྒྲགས་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་ནགིས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་རྒྱ་ནག་དང་ལྷན་གྲོས་མོལ་བྱས་ཏེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་གི་ཡོད་སྐོར་གསུངས་ཡོད་པ་བཅས།།