༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༩ ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་གི་མཇལ་འཕྲད་ཁང་དུ་ཨ་རིའི་ཞི་བདེའི་བསྟི་གནས་ཁང་ (United States Institute of Peace) གིས་གསོལ་འདེབས་ཞུས་པ་བཞིན་གཞོན་སྐྱེས་འགོ་ཁྲིད་ཁག་གཅིག་དང་ལྷན་ཉིན་གྲངས་གཉིས་རིང་གི་བགྲོ་གླེང་དབུ་འཛུགས་མཛད་ཡོད།
དེ་ཡང་རྩོད་རྙོག་ཅན་གྱི་ས་ཁུལ་ཀོ་ལམ་བི་ཡཱ། (Colombia) དང་། ཨི་ཐིའོ་པི་ཡཱ། (Ethiopia)ཉ ཨི་རཱཀ (Iraq Kurd) ལེ་བྷེ་ཡ། (Libya) འབར་མ། (Myanmar) ནའེ་ཇི་རི་ཡཱ། (Nigeria) སོ་མཱ་ལི་ཡཱ། (Somalia) ལྷོ་སུ་དཱན། (South Sudan) སུ་དཱན།(Sudan) སི་རི་ཡཱ། (Syria) ཏུ་ནི་སི་ཡཱ། (Tunisia) ཝེ་ནེ་ཛུའེ་ལཱ། (Venezuela) བཅས་རྒྱལ་ཁབ་ ༡༢ ནས་ཞི་བདེ་དང་འབྲེལ་བའི་ལས་དོན་སྤེལ་མཁན་གྱི་འགོ་ཁྲིད་གཞོན་སྐྱེས་གྲངས་ ༢༦ དང་ལྷན་རེ་བ་དང་བྱམས་སྙིང་རྗེ་སོགས་དོན་ཚན་བཞིའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་གཞོན་སྐྱེས་ཚོར་འཕྲད་པའི་དཀའ་ངལ་གྱི་མྱོང་བ་རྣམས་༸སྙན་སེང་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། འཛམ་གླིང་འདིར་འགྲོ་བ་མིའི་གྲངས་ཐེར་འབུམ་ ༧ ལྷག་ཡོད་པ་ཚང་མ་གཅེན་གཅུང་གི་འདུ་ཤེས་ཡོད་པའི་སྒོ་ནས་གཅིག་མཚུངས་ཡིན་པ་མ་ཟད། གོ་ལ་འདིའི་ནང་ང་ཚོ་ཚང་མ་མཉམ་དུ་གནས་དགོས་ངེས་ཡིན། དེར་བརྟེན་འགྲོ་བ་མི་སྤྱི་ཡོངས་ལ་མཐར་ཐུག་གི་བདེ་སྐྱིད་ནི་ནང་སེམས་ཀྱི་ཞི་བདེ་དང་འགྲོ་བོ་མི་གཅིག་གྱུར་གྱི་འདུ་ཤེས་ཀྱི་ཐོག་ནས་ཡོང་གི་ཡོད། དེ་ཡང་རང་དབང་ལྡན་པའི་སྤྱི་ཚོགས་ནི་ཞི་བདེ་དང་བདེ་སྐྱིད་སོགས་ཀྱི་འབྱུང་ཁུངས་ལྟ་བུ་ཆགས་ཡོད། ང་ཚོ་སྐྱེས་པའི་སྐབས་ཨ་མའི་བྱམས་བརྩེ་ནི་ཧ་ཅང་གལ་ཆེན་པོ་ཆགས་པ་བཞིན། འཆི་བའི་སྐབས་སུའང་སོ་སོའི་ཉེ་འཁོར་གྱི་མི་རྣམས་ཀྱིས་བྱམས་བརྩེའི་རྣམ་འགྱུར་བསྟན་པ་ཡིན་ན་འཆི་མཁན་དེ་ལྷོད་ལྷོད་ཡོང་གི་རེད། ཅེས་དང་།འབྱུང་འགྱུར་ལོ་བཅོ་ལྔ་ཉི་ཤུར་ངོས་རང་མུ་མཐུད་འཚོ་གནས་བྱེད་རྒྱུ་ཡིན་པ་ནི་བརྗོད་མི་དགོས་པ་ཞིག་རེད། འོན་ཀྱང་ངོས་རང་འཆི་སའི་གནས་དེ་རྒྱ་གར་ཡིན་པའི་རེ་བ་བྱེད་ཀྱི་ཡོད། རྒྱུ་མཚན་ནི་རྒྱ་གར་ནང་རང་དབང་ལྡན་ཞིང་། གུ་ཡངས་ཡོད་པའི་ཁར་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན། དེར་བརྟེན་འཆི་བའི་སྐབས་སུ་སོ་སོའི་མཐའ་འཁོར་དུ་བྱམས་བརྩེ་དང་བཅོས་མིན་གྱི་བརྩེ་བ་སྤྲོད་མཁན་རིགས་ཡོད་ན། ཞི་བདེ་ངང་འགྲོ་ཆོག་གི་རེད། དེ་མིན་ངོས་རང་འཆི་བའི་སྐབས་སུ་མཐའ་འཁོར་དུ་རྒྱ་ནག་གི་དཔོན་རིགས་རྐྱང་རྐྱང་ཡིན་ན། མ་ཡིན་ཡིན་མདོག་དང་བཅོས་མའི་རང་བཞིན་ཐོག་ནས་འགྲོ་རྒྱུ་དེ་རེད། མི་རྣམས་ཀྱིས་བྱམས་བརྩེའམ་སེམས་པ་བཟང་པོ་བྱེད་རྒྱུ་འཆི་དུས་དང་གསོན་དུས་གང་ལའང་ཧ་ཅང་གལ་ཆེན་པོ་ཡིན། གཅིག་སྡུད་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱིས་མི་རྣམས་ཀྱི་བསམ་བློ་གཏོང་སྟངས་གཅིག་མཚུངས་ལྟར་དགོས་པར་བཀའ་བཏང་སྟེ་རྣམ་དཔྱོད་འཕྲོ་བརླག་ལ་གཏོང་གི་ཡོད། རྒྱ་ནག་གཞུང་གིས་མི་མང་ལ་གཅིག་སྡུད་ཀྱི་དབང་ཤུགས་སྤེལ་བ་ནི་ཧ་ཅང་ནོར་འཁྲུལ་ཅན་ཞིག་རེད།འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་ཞིག་གི་ངོས་ནས་བཤད་པ་ཡིན་ན་ང་ཚོར་རྣ་མཆོག་གཉིས་སྤྲད་ཡོད། དེར་བརྟེན་རྣ་མཆོག་གཉིས་ཀ་བེད་སྤྱོད་གཏོང་དགོས་པ་ལས་ཕྱོགས་གཅིག་ལ་ཉན་པ་དང་། ཕྱོགས་གཅིག་བཀག་ན་འགྲིག་ཐབས་མེད། ཕྱོགས་ཚང་མར་ཉན་རྗེས་སོ་སོའི་རྣམ་དཔྱོད་ཀྱིས་བརྟག་ནས་ཐག་གཅོད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། མིའི་ཤ་མདོག་ཅི་ཞིག་ཡིན་ཀྱང་ཀླད་པས་ལས་ཀ་བྱེད་པ་གཅིག་མཚུངས་ཡིན། ཆུང་ཆུང་སྐབས་སུ་ཆོས་ལུགས་གང་ཡིན་གྱི་སྐད་ཆ་གང་ཡང་མེད། བྱམས་སྙིང་རྗེ་ནི་ཆུང་ཆུང་སྐབས་ནས་ཧ་ཅང་གལ་ཆེན་པོ་དང་དགོས་ངེས་ཅན་ཞིག་ཡིན། ཆུང་དུས་སོ་སོའི་ནང་མིའི་ཆོས་ལུགས་གང་ཡིན་ཡང་ནར་སོན་སྐབས་བསམ་བློ་ཞིབ་ཏུ་བཏང་ནས་བསམ་པ་བཟང་པོ་ཞིག་བྱེད་ཐུབ་རྒྱུ་ཧ་ཅང་གལ་གནད་ཆེ་བ་ཡིན། ཆོས་ཁས་མི་ལེན་མཁན་ཡིན་ནའང་མི་ལ་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་པ་དང་། སེམས་ལ་ཞི་བདེ་ཡོང་ཆེད་སེམས་པ་བཟང་པོ་བྱེད་རྒྱུ་མིའི་མི་ཚེའི་ནང་ཧ་ཅང་དགོས་ངེས་ཤིག་ཆགས་ཡོད། གོ་ལ་འདིར་ཡུ་རོབ་མཐུན་ཚོགས་ལྟར་མཐུན་ཚོགས་ཤིག་བཟོ་ཐུབ་ན་གལ་གནད་ཆེན་པོ་འདུག དེང་སྐབས་མི་རྣམས་ཀྱི་བསམ་བློར་འགྱུར་བ་ཆེན་པོ་ཕྱིན་ཏེ་ཞི་བདེའི་སྐོར་ལ་བསམ་བློ་གཏོང་མཁན་ཧ་ཅང་མང་། ཁོང་ཁྲོ་ནི་སོ་སོའི་ལུས་སེམས་མ་སྐྱིད་པ་དང་། གཉིད་དཀྲོག་མཁན། ཟས་ཀྱི་དྲོ་བ་མི་ཡོང་བ་བཟོ་མཁན་ཡིན། མདོར་ན་ཁོང་ཁྲོ་ནི་གཟུགས་པོའི་འཕྲོད་བསྟེན་མེད་པ་བཟོ་མཁན་ཆགས་ཡོད། དེ་ལས་ལྡོག་སྟེེ་བྱམས་སྙིང་རྗེ་ནི་སེམས་ལ་ཞི་བདེ་བཟོ་མཁན་ཞིག་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་དང་དྲི་བ་ཁག་ལ་བཀའ་ལན་སྩལ། །