༢༠༡༡ ཟླ་ ༡༠ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །སུད་སི་སྐུ་ཚབ་དོན་ཁང་གི་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༥ ཉིན་སུད་སི་རི་ཀོན་དགོན་པར་ཉེ་ལམ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པ་གཙོ་བོར་གྱུར་བའི་བོད་ཀྱི་ས་ཁུལ་ཁག་ནང་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་རྣམས་དང་རི་ཀོན་དགོན་པའི་མཁན་ཟུར་དམ་པ་ཕུན་ཚོགས་བཀྲིས་ལགས་ཀྱི་ལོ་མཆོད་སྨོན་ལམ་བཅས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཚོགས་ཡོད། སྐབས་དེར་སུད་སི་དང་ལེ་ཁི་སི་ཊེན་ནས་བོད་མི་ཁྱོན་མི་གྲངས་ ༡༥༠ ཙམ་གྱིས་སྔ་དྲོ་ཆུ་ཚོད་ ༩།༣༠ ནས་ཆུ་ཚོད་ ༡༢ བར་སྨོན་ལམ་གསུང་འདོན་གནང་ཡོད། སྨོན་ལམ་གསུང་འདོན་གྲུབ་མཚམས་མར་མེ་ཕྱག་ཏུ་བསྣམས་ནས་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་གསུང་འདོན་གནང་གིན་རི་ཀོན་དགོན་པའི་མཁན་པོས་དབུ་ཁྲིད་དེ་སེར་སྐྱ་མང་ཚོགས་རྣམས་ཀྱིས་དགོན་པར་སྐོར་བ་ལན་གསུམ་བརྒྱབ་ཡོད། དེ་རྗེས་རི་ཀོན་དགོན་པའི་མཁན་པོ་དགེ་བཤེས་ཐུབ་བསྟན་ལེགས་སྨན་ལགས་ཀྱིས་བོད་མི་ཚོར་འཚེ་མེད་ཞི་བའི་ཐབས་ལམ་ལ་མཐའ་གཅིག་ཏུ་ཡིད་ཆེས་ཀྱི་ཐོག་ནས་བོད་ཀྱི་རྩ་དོན་ཆེད་ལས་འགུལ་སྤེལ་རྒྱུ་མ་ཟད། རྒྱ་རིགས་ཆོས་གྲོགས་ཕོ་མོ་ཚོའི་རྨོངས་པའི་དབང་གིས་ལས་ངན་གསོག་བཞིན་པར་བརྟེན། ཁོང་ཚོའི་རྨོངས་པ་མྱུར་དུ་སེལ་བའི་སྨོན་ལམ་རྒྱག་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་། སྨོན་ལམ་གོ་སྒྲིག་གནང་མཁན་སུད་སི་དང་ལེ་ཁེ་སི་ཊེན་བོད་རིགས་ཚོགས་པ་དང་སུད་སི་རི་ཀོན་དགོན་པ་ཐུན་མོང་ཡིན་འདུག སུད་སི་དང་ལེ་ཁེ་སི་ཊེན་བོད་རིགས་ཚོགས་པས་བོད་ཁམས་རྟ་འུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུ་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་སྐུ་གཟུངས་ཞུགས་མེར་བསྒྲོན་མཚམས་ཕྱི་ཟླ་ ༩ ཚེས་ ༢༥ ཉིན་སུད་སི་གྲོང་ཁྱེར་ཛུ་རིཀ་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་ནང་འཛིན་བཞིན་པའི་རྒྱ་ནག་གཞུང་གི་དམ་བསྒྲགས་ཀྱི་སྲིད་བྱུས་དེར་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་མ་ཟད། བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་དང་བློ་བཟང་དཀོན་མཆོག་ལགས་གཉིས་ཀྱིས་བོད་དོན་ཆེད་རྒྱ་གཞུང་གིས་འཛིན་པའི་སྲིད་བྱུས་དེར་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་ཉིན་ལྔ་ཕྱིན་རྗེས་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ཡུ་རོབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་གྲོང་ཁྱེར་ཛུ་རིཀ་ནང་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་བྱས་ཡོད། ཕྱི་ཟླ་ ༡༠ ཚེས་ ༢༣ ཉིན་སུད་སི་དང་ལེ་ཁི་སི་ཊེན་བོད་རིགས་མཐུན་ཚོགས་ནས་སུད་སི་གྲོང༌ཁྱེར་ཇི་ནི་ཝའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཁང་གི་མདུན་དུ་ངོ་རྒོལ་རྔམ་སྟོན་གནང་རྒྱུ་ཡིན་འདུག་པ་བཅས།།
སུད་སི་རི་ཀོན་དགོན་པར་མཆོད་འབུལ་སྨོན་ལམ་ཚོགས་པ།
གསར་གནས།
འབྲེལ་གནས།