༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡༡ ཉིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་གསོ་བ་རིག་པའི་ཉིན་མོ་སྲུང་བརྩི་ཐེངས་བཞི་པ་དེ་རྡ་ས་འགྲོ་ཕན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་བསྐོང་ཚོགས་ཞུས་ཅིང་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། དམིགས་བསལ་སྐུ་མགྲོན་ཀངྒ་ར་རྫོང་གི་ཨཱ་ཡུ་ཤའི་ངེས་སྟོན་པ་གཞོན་པ་ཨ་ནིལ་ཀུ་མཱར་གྷརྒ་ (Dr. Anil Kumar Garg) ལགས་ཀྱིས་གཙོས་༸སྐུའི་བླ་སྨན་པ་དང་༧སྐུ་བཅར་སྨན་པ། གཞན་ཡང་གསོ་བ་རིག་པའི་སྨན་པ་དང་སྨན་སློབ་བཅས་མི་གྲངས་སུམ་ཅུ་ཙམ་ཚོགས་འཛོམས་ཐོག་མཛད་སྒོ་སྲུང་བརྩི་ཞུས་ཡོད།དེ་ཡང་མཛད་སྒོའི་ཐོག་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གསོ་བ་རིག་པའི་ཉིན་མོར་བོད་ཀྱི་གསོ་རིག་མེས་པོ་རྣམས་དང་། ལྷག་པར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་དུ་གསོ་རིག་བསྟན་པ་སླར་གསོའི་མཛད་རྗེས་བཀའ་དྲིན་བསྐྱངས་པའི་སྐུ་དྲིན་དྲན་པའི་སྒོ་ནས་གསོ་བ་རིག་པའི་ཉིན་མོར་གསོ་རིག་རྗེས་འཛིན་སྨན་པ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས། ཉིན་མོ་སྲུང་བརྩི་འདིར་བོད་ཀྱི་ཆོས་རྒྱལ་རིམ་བྱོན་དང་གསོ་རིག་མེས་པོ་གོང་མ་རྣམས་དང་། གསོ་རིག་སྨྲ་བའི་དབང་པོ་རྣམས་ཀྱི་བཀའ་དྲིན་དྲན་པ་ཙམ་མིན་པར་གསོ་རིག་མཁས་པའི་གསུང་རྩོམ་ལ་བསླབ་པ་སློབ་གཉེར་དང་དངོས་ཐོག་ལག་ལེན་དུ་འཁེལ་ཐབས་བྱ་རྒྱུ་གལ་ཆེ་བ་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་རྗེས་བཀའ་སློབ་ལམ་སྟོན་སྩལ་བར་ཡང་ནས་ཡང་དུ་ལྟ་ཀློག་དང་ལག་ལེན་འཁེལ་མིན་བསམ་བློ་གཏོང་རྒྱུའི་ཉིན་མོ་ཞིག་ཀྱང་ཆགས་ཀྱི་ཡོད་། ཅེས་དང་། གསོ་བ་རིག་པའི་ཉིན་མོ་སྲུང་བརྩི་དང་བསྟུན་ད་བར་གསོ་རིག་བསྟན་དོན་ཆེད་ཞབས་འདེགས་སྒྲུབ་མཁན་རྣམས་ལ་བཀའ་དྲིན་ཆེ། ཞེས་གསུངས།དེ་རྗེས་དམིགས་བསལ་སྐུ་མགྲོན་ཀངྒ་ར་རྫོང་གི་ཨཱ་ཡུ་ཤའི་ངེས་སྟོན་པ་གཞོན་པ་ཨ་ནིལ་ཀུ་མཱར་གྷརྒ་ལགས་ཀྱིས། གསོ་བ་རིག་པ་འདི་སྲོལ་རྒྱུན་སྨན་ལུགས་ཤིག་ཡིན་པས། དེ་ནི་ལོ་ངོ་སྟོང་ཕྲག་སྔོན་ནས་ཉམས་མྱོང་ལ་གཞི་རྐང་བཞག་ནས་སྨན་བཅོས་ལྟ་གྲུབ་དང་ལག་ལེན་ཚད་ལྡན་ཞིག་ཡོད་ཀྱང་། དུས་དང་བསྟུན་ནས་སྲོལ་རྒྱུན་སྨན་ལུགས་དག་ཚན་རིག་དང་མཐུན་པའི་སྒོ་ནས་ཉམས་ཞིབ་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཡིན་པས་གསོ་བ་རིག་པའི་སྨན་ལུགས་འདི་ཡང་ཚན་རིག་དང་མཐུན་པའི་ཉམས་ཞིབ་བྱས་ནས་དར་སྤེལ་གནང་རྒྱུ་ཤིན་ཏུ་གལ་ཆེ་བའི་གསུང་བཤད་གནང་རྗེས་སྐུ་མགྲོན་ གཙོ་བོ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གསུང་བཤད་གནང་དོན། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་གསོ་བ་རིག་པའི་ཉིན་མོ་སྲུང་བརྩི་ཞུ་བཞིན་པ་འདི་གཙོ་བོ་དྲན་གསོའི་ཉིན་མོ་ཞིག་ཆགས་ཡོད།དེ་ཡང་ཕྱི་ལོ་ ༡༩༥༩ བར་བོད་ཀྱི་ཆོས་རྒྱལ་དང་༸རྒྱལ་དབང་རིམ་བྱོན་གྱི་སྐུ་དྲིན་ལ་བརྟེན་ནས་བསླབ་པ་སློབ་གཉེར་ལམ་ལུགས་དར་རྒྱས་ཆེན་པོ་བྱུང་ཡོད་པ་དང་། ལྷག་པར་བོད་རང་བཙན་གྱི་རྒྱལ་ཁབ་དུས་ལ་དྭགས་དང་སྤྱི་ཏི། འབྲས་ལྗོངས་པ་དང་ཁུ་ནུ་བ། མོན་པ་བཅས་ཚང་མས་སྨན་དང་ནང་དོན་རིག་པའི་སློབ་སྦྱོང་བྱེད་སའི་བསྟི་གནས་ཤིག་ཆགས་ཡོད། དུས་ཕྱིས་བོད་དུ་དུས་གྱུར་བྱུང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཞབས་སོར་འཁོད་ནས་རིང་པོར་མ་ཐོག་བར་གསོ་བ་རིག་པའི་བསྟན་པ་སླར་གསོའི་མཛད་པ་བཀའ་དྲིན་བླ་མེད་བསྐྱངས་པ་དེ་བོད་མི་ཙམ་ལ་བཀའ་དྲིན་ཆེ་བ་མ་ཡིན་པར་གསོ་བ་རིག་པ་འདི་འཛམ་གླིང་སྐྱེ་འགྲོ་སྤྱི་ལ་ཕན་པ་དང་ཞབས་འདེགས་བསྒྲུབ་པའི་རིག་གནས་ཤིག་ཡིན་པས་དེ་རིང་གི་ཉིན་མོ་འདིར་གསོ་རིག་བསྟི་གནས་ཁང་དང་རྒྱུན་འཛིན་སྨན་པ་ཡོངས་ཀྱི་བཀའ་དྲིན་རྗེས་སུ་དྲན་པ་དང་མཉམ་མ་འོངས་པར་གསོ་བ་རིག་པའི་བསྟན་པ་དར་སྤེལ་ཆེད་ཚང་མས་ཁ་ཕྱོགས་གཅིག་དུ་བསྐྱོད་ནས་རྡོག་རྩ་ཆིག་སྒྲིལ་གྱིས་ནུས་པ་མཉམ་སྤུངས་གནང་རྒྱུ་ཤིན་ཏུ་གལ་ཆེ་བའི་གསུང་བཤད་གནང་། གསོ་བ་རིག་པའི་ཉིན་མོ་སྲུང་བརྩིའི་མཛད་སྒོའི་ཐོག་བོད་ཀྱི་གསོ་བ་རིག་པའི་གཟེངས་ཐོན་མི་སྣར་གནང་རྒྱུའི་གཡུ་ཐོག་གཟེངས་རྟགས་ཀྱི་སྒྲིག་གཞི་དགོངས་དོན། གསོ་རིག་ལྷན་ཚོགས་ནས་གཡུ་ཐོག་གཟེངས་རྟགས་ཐེངས་ལྔ་པ་དེ་༸རྒྱལ་བའི་སྐུ་བཅར་སྨན་པ་སྤེན་པ་ཚེ་རིང་ལགས་ལ་འབུལ་རྒྱུའི་ཐག་གཅོད་བྱུང་བ་བཞིན་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་༸སྐུ་བཅར་སྨན་པ་སྤེན་པ་ཚེ་རིང་ལགས་ལ་གཡུ་ཐོག་གཟེངས་རྟགས་ཕུལ་བཞེས་གནང་ཡོད།དམིགས་བསལ་སྐུ་མགྲོན་གྱིས་ལྷན་ཚོགས་ཀྱི་ལས་དོན་ཆེད་མཐུན་འགྱུར་ཞབས་འདེགས་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་འཁྱེར་ཕུལ་གནང་སྟེ་སྔ་དྲོའི་མཛད་སྒོའི་གྲོལ་རྗེས་ལྷན་ཚོགས་ནས་གསོ་རིག་སྨན་པ་དང་སྨན་སློབ་རྣམས་ལ་ཛ་དྲག་མྱོར་སྐྱོབ་ཀྱི་སྨན་བཅོས་ལག་ལེན་ཐོག་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས། ཉིན་མོ་སྲུང་བརྩིའི་དུས་ཚིགས་དང་བསྟུན་གསོ་རིག་སློབ་གཉེར་ཁང་དང་ས་གནས་འབྲེལ་མཐུད་སྨན་པ་རྣམས་ནས་ཀྱང་ས་གནས་སོ་སོར་གོ་སྒྲིག་ཟབ་རྒྱས་ཞུས་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།