༄༅། །རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བོད་ཀྱི་སྤྱི་ཚོགས་ཞབས་ཞུ་བ་དང་ཁེ་ལས་པ་བསྟན་འཛིན་ཆོས་འཕེལ་ལགས་ལ་མི་ལོ་ ༡༨ བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག
དེ་ཡང་རང་ལོ་ ༤༥ སོན་པའི་བསྟན་འཛིན་ཆོས་འཕེལ་ལགས་ནི། ནག་ཆུ་ས་ཁུལ་ཤག་རོང་པོ་སྲ་ཁུ་གྲོང་ཚོ་ནས་ཡིན་ཞིང་། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་ཞེས་པའི་ཉེས་མིང་འོག་མི་ལོ་བཅོ་བརྒྱད་ཀྱི་ཁྲིམས་ཐག་བཅད་ཡོད་པ་དང་། བསྟན་འཛིན་ཆོས་འཕེལ་ལགས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༠ ཉིན་འཛིན་བཟུང་གིས་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༤ ཉིན་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་ཟེར་བ་དང་། ཁྲིམས་འགལ་ཐོག་གསང་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་པ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ཚོང་ལས་བྱས་པ་ཟེར་བ་སོགས་ཉེས་མིང་སྣ་ཚོགས་བཏགས་ཏེ་ལོ་བཅོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་མ་ཟད། ལོ་ལྔའི་རིང་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པ་དང་། ཁོང་གི་རྒྱུ་དངོས་རྣམས་གཞུང་བཞེས་བཏང་ཡོད་པ་རེད།
ད་ལྟ་རྒྱ་གཞུང་གིས་བསྟན་འཛིན་ཆོས་འཕེལ་ལགས་ལྷ་ས་གྲོང་ཁྱེར་ཆུ་ཤུར་བཙོན་ཁང་དུ་བཅུག་ཡོད། རྒྱ་གཞུང་གིས་དྲང་བདེན་མིན་པའི་ཁྲིམས་ཆད་བཏང་རྗེས། བསྟན་འཛིན་ཆོས་འཕེལ་ལགས་ཀྱི་ནང་མིས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ནང་བོད་རང་སྐྱོང་ལྗོངས་ཆེས་མཐོའི་མི་དམངས་ཁྲིམས་ཁང་ཟེར་བར་ཞུ་གཏུག་བྱས་ཡོད་ཀྱང་ཁྲིམས་ཁང་གིས་ཞུ་གཏུག་ལ་ངོས་ལེན་བྱས་མེད་པ་རེད།
རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བསྟན་འཛིན་ཆོས་འཕེལ་ལགས་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༠ ཉིན་ཁྲིན་ཏུའུ་ནས་ཚོང་དོན་སྐོར་སྐྱོད་ལེགས་པར་གྲུབ་རྗེས་ལྷ་སའི་གོང་དཀར་གནམ་ཐང་དུ་བབས་མ་ཐག་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ལོ་གཅིག་ལྷག་རིང་གར་སོང་ཆ་མེད་དུ་གྱུར་ཡོད།
བསྟན་འཛིན་ཆོས་འཕེལ་ལགས་བོད་ཀྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཕྱག་ལས་རྒྱ་ཆེ་གནང་མཁན་ཞིག་ཡིན་པ་མ་ཟད། མི་མང་ཉམ་ཐག་ཚོར་རོགས་སྐྱོར་དང་བོད་མི་ནང་ཁུལ་མཐུན་སྒྲིལ་བཟོ་གནང་མཁན་ཞིག་དང་། དེ་བཞིན་སྤྱི་ཚོགས་ཞབས་ཞུ་གནང་མཁན་ཞིག་ཀྱང་ཡིན་པ་རེད།
རྒྱ་ནག་གཞུང་གིས་བསྟན་འཛིན་ཆོས་འཕེལ་ལགས་ལྟ་བུ་མཚོན་པའི་བོད་པའི་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཡོད་པའི་ཤེས་ལྡན་མི་སྣ་དང་། རྩོམ་པ་པོ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ། སྤྱི་ཚོགས་སྣེ་ཁྲིད་མི་སྣ་སོགས་བོད་མི་མང་དག་ཅིག་འབུར་འཇོམས་བྱེད་ཐབས་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་བཅས།།