༢༠༡༡ ཟླ་ ༡༠ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །འདི་གར་ཉི་ཧོང་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༠ ཉིན་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོའི་གྲོང་ཁྱེར་ཤིན་ཇུ་ཀུ་(Shinjuku) ནང་རྟེན་གཞི་བྱས་པའི་ཇོན་ཇི་(Joenji) དགོན་པར་བོད་རིགས་དང་ཉི་ཧོང་མི་མང་ཁག་གཅིག་འདུ་འཛོམས་ཀྱིས་བོད་ནང་རྒྱལ་གཅེས་དཔའ་བོ་རྣམས་ཀྱིས་རང་དབང་དང་དྲང་བདེན་ཆེད་རང་སྲོག་བློས་གཏོང་གནང་མཁན་ཚོའི་ཆེད་སྨོན་ལམ་གསུང་འདོན་གནང་ཡོད།
དེ་ཡང་ཐོག་མར་ཉི་ཧོང་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་མགོ་ལགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། ལྷག་པར་བོད་མདོ་སྨད་རྔ་པ་ཁུལ་གྱི་ཛ་དྲག་གནས་སྟངས་སྐོར་མང་ཚོགས་ཁོང་རྣམས་ལ་ངོ་སྤྲོད་གནང་དོན། བོད་ནང་རང་སྲོག་རང་གིས་གཅོད་མཁན་དཀོན་པོ་ཡིན་པ་མ་ཟད། ལྷག་པར་དགེ་འདུན་པ་རྣམས་ཀྱིས་རང་སྲོག་རང་གིས་གཅོད་ཀྱི་མེད། དགེ་འདུན་པ་ཚོས་རང་ལུས་ཞུགས་མེར་ཕུལ་དགོས་དོན་ནི་བོད་ནང་དྲང་བདེན་མེད་པ་དང་ཛ་དྲག་གི་གནས་སྟངས་ཡོད་པ་ཞིག་ཧ་ཅང་གསལ་པོ་་སྟོན་བཞིན་ཡོད། བོད་མི་རྣམས་འ་ཆད་འུ་ཐུག་གིས་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་གི་བྱ་སྤྱོད་དེ་ནི་མི་ལོ་ ༥༠ རིང་རྒྱ་ནག་གཅིག་སྡུད་དབང་འཛིན་པའི་བོད་ནང་དབང་བསྒྱུར་བྱས་པའི་རྗེས་འབྲས་ཤིག་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ནས་འདི་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་བོད་ནང་དགེ་འདུན་པ་བདུན་གྱི་རང་ལུས་ཞུགས་མེར་འབུལ་མཁན་རྣམས་ཀྱི་མིང་དང་འདྲ་པར་གྱི་ཐོག་མཇལ་དར་བསྒྲོན་ཏེ་བཤམས་ཡོད་པ་མ་ཟད། དམ་པ་ཁོང་རྣམས་ཀྱི་ཆེད་མཆོད་མེ་ཡང་ཕུལ་ཡོད། དེ་བཞིན་དེར་འདུས་བོད་རིགས་དང་ཉི་ཧོང་མང་ཚོགས་རྣམས་ཀྱིས་ཤེས་རབ་སྙིང་པོ་དང། སྒྲོལ་མ། གུ་རུའི་གསོལ་འདེབས་བཅས་བཏོན་གྲུབ་མཚམས་ཉི་ཧོང་གྲྭ་བཙུན་མཐུན་ཚོགས་ཀྱི་སྐུ་ཚབ་ཀོ་བྷ་ཡ་ཤི་ལགས་ཀྱིས་དབུ་ཁྲིད་དེ་ཉོ་ཧོང་སྐད་ཀྱི་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་ཡོད། ཐེངས་འདིའི་ཉི་ཧོང་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་བྱས་པའི་སྨོན་ལམ་འདིའི་ཐོག་ཉི་ཧོང་གི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དང་སློབ་ཕྲུག་བཅས་ཀྱང་མཉམ་ཞུགས་གནང་ཡོད། སྨོན་ལམ་མཇུག་སྒྲིལ་སྐབས་ཉི་ཧོང་སྐུ་ཚབ་དོན་གཅོད་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་སྦྲགས། ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མགོན་པོ་གང་ཉིད་མཆོག་གི་ཡང་སྲིད་ཐོག་སྩལ་བའི་གསུང་འཕྲིན་དང། ༸གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་པའི་སྐོར་གསལ་བཤད་གནང་ཡོད་པ་བཅས།།