༢༠༡༡ ཟླ་ ༡༠ ཚེས་ ༧ རེས་གཟའ་པ་སངས།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བར་ལམ་ནས་བཟུང་དུས་ཚོད་ངེས་མེད་ཐོག་བོད་དོན་དང་འབྲེལ་བའི་བཞུགས་མོལ་ཚོགས་འདུ་གཞི་རྒྱ་ཆུང་བ་དེ་འདྲ་སྐོང་ཚོགས་གནང་གི་ཡོད་པ་ལྟར། ཕྱི་ཟླ་ ༩ ཚེས་ ༢༩ ཉིན་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཁྲོད་ཀྱི་ཤུགས་རྐྱེན་དང་། དོན་སྙིང་གང་ཡིན་པ། གདོང་ལེན་བྱེད་དགོས་པ་ཇི་ཡོད་ཅེས་པའི་བརྗོད་གཞིའི་ཐོག་སྐོར་བཞུགས་མོལ་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད། ཐེངས་འདིའི་བཞུགས་མོལ་ཚོགས་འདུར་ཇོར་ཇི་ཡ་(Georgia)གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་པ་རྒྱ་རིགས་ཏིང་དབྱི་ཕྷུ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་རྡོར་ལགས་གཉིས་བཀའ་མོལ་གནང་མཁན་གྱི་ཁོངས་སུ་གདན་ཞུ་བྱས་པ་ལྟར། བོད་རྒྱ་སོ་སོའི་ཕྱོགས་ནས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཁྲོད་ཀྱི་ཤུགས་རྐྱེན་དང་དོན་སྙིང་གསུང་གླེང་གནང་ཞིང་། བོད་རིགས་དང་རྒྱ་རིགས། ཕྱི་རྒྱལ་གྱི་མི་སྣ་དོ་སྣང་ཅན་བཅས་ཝ་ཤིང་ཊོན་གྱི་ཉེ་འདབས་ནས་མི་གྲངས་ ༤༠ ཙམ་བཞུགས་མོལ་ཚོགས་འདུར་མཉམ་ཞུགས་གནང་ཡོད་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་སྐབས་དེའི་གནས་ཚུལ་རྣམས་དྲ་ལམ་ནས་ཐད་ཀར་ལྟ་ཐུབ་པའི་མཐུན་རྐྱེན་བསྐྲུན་ཡོད། ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་ཀྱང་ཐེངས་འདིར་སྐུ་ཞབས་ཏིང་དང་མཉམ་དུ་བཞུགས་མོལ་ཚོགས་འདུར་ཕེབས་ཡོད། ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བཞུགས་མོལ་ཚོགས་འདུར་བཅར་མཁན་ཚོས་སྐུ་ཞབས་ཏིང་གི་གསུང་བཤད་ལ་དོ་སྣང་དང་དགའ་ཞེན། དེ་བཞིན་རྒྱ་རིགས་ཤེས་ཡོན་ཅན་ཞིག་གི་ངོས་ནས་བོད་མིའི་གནས་སྟངས་གང་ཤེས་པ་དེ་དངོས་དོན་དང་མཐུན་པའི་སྒོ་ནས་འགྲེལ་བརྗོད་བྱེད་མཁན་ཇེ་མང་དུ་འགྲོ་གི་ཡོད་པ་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱའི་མི་མང་གི་འབྲེལ་ལམ་སྔར་ལས་ཤུགས་ཆེ་རུ་གཏོང་རྒྱུའི་སྲིད་བྱུས་བཟུང་གནང་བའི་འབྲས་བུ་ཡིན་པ་མངོན་གསལ་དོད་པོ་རེད་ཅེས། འགྲེལ་བརྗོད་གནང་འདུག སྐུ་ཞབས་ཏིང་ནི་འདི་ག་དོན་ཁང་དང་འབྲེལ་བ་བྱུང་ནས་ལོ་ཤས་སོང་ཞིང་། དོན་ཁང་གི་ལས་འཆར་གཞིར་བཟུང་ཁོང་བཞུགས་སྒར་རྡ་རམ་ས་ལ་དང་། བལ་ཡུལ། ཀ་རྡོར་སྒང་གསུམ་སོགས་བོད་མི་གནས་ཡུལ་ས་ཁུལ་མང་པོར་ཕེབས་མྱོང་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་མཆོག་གི་མཇལ་བཅར་ཞུ་མྱོང་མཁན་ཞིག་ཀྱང་རེད། དེ་བཞིན་ཁོང་གིས་དོན་ཁང་ནས་གོ་སྒྲིག་བྱས་པའི་བོད་རྒྱའི་ཚོགས་འདུར་མཉམ་ཞུགས་གནང་ཡོད་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་དེང་སྐབས་བོད་དོན་ཐོག་ཆ་རྒྱུས་ཡག་པོ་ཡོད་པའི་རྒྱ་རིགས་ཤེས་ཡོན་ཅན་ཞིག་ཡིན་པ་མ་ཟད། བོད་ཀྱི་གནད་དོན་སྐོར་ལ་ཡང་རྩོམ་ཡིག་མང་པོ་བྲིས་མྱོང་ཡོད། ཚོགས་འདུའི་ཉིན་གཉིས་པར་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་ཀྱིས་ཝ་ཤིང་ཊོན་གྱི་ཉེ་འདབས་སློབ་གྲྭ་ཆེན་མོ་ཞིག་གི་རྒྱ་རིགས་སློབ་མའི་སྐྱིད་སྡུག་གི་ཚོགས་གཙོ་དང་། ཚོགས་གཞོན་ངོ་ཐུག་གིས་སློབ་གྲྭ་དེའི་རྒྱ་རིགས་སློབ་ཕྲུག་དང་དོན་ཁང་དབར་གྱི་འབྲེལ་ལམ་ཡག་ཏུ་གཏོང་ཐབས་ལ་གྲོས་བསྡུར་དང་བསམ་ཚུལ་བརྗེ་ལེན་གནང་ཡོད། དེ་བཞིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པ་དང་རྩོམ་པ་པོ་(China In Perspective)ཞེས་པའི་རྒྱ་ཡིག་དྲ་རྒྱའི་རྩོམ་སྒྲིག་པ། གྲགས་ཅན་རྩོམ་པ་པོ་ཀྲེང་ཡི། སྐུ་ཞབས་ཏིང་བཅས་དང་ཟུར་དུ་མཉམ་འཛོམས་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་ཀྱི་སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་ཡོངས་ཁྱབ་གསུང་འཕྲིན་གྱི་ནང་དོན་ལས་འཕྲོས་ཏེ་ཡང་སྲིད་ཐད་ལ་རྒྱ་གཞུང་གིས་གཡོ་བྱུས་གང་འདྲ་འདིང་གི་ཡོད་མེད་སྐོར་ཕན་ཚུན་གྲོས་བསྡུར་གནང་ཡོད། ཕྱི་ཟླ་ ༡༠ ཚེས་ ༥ ཉིན་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་(NTDTV)ཞེས་པའི་རྒྱ་སྐད་ཀྱི་བརྙན་འཕྲིན་ཁང་ནས་རེས་གཟའ་ལྷག་པའི་ཆུ་ཚོད་གཅིག་གི་ལས་རིམ་ནང་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་དང་། རྒྱ་རིགས་དཔྱད་གཏམ་པ་ཧུའུ་ཕིང་དང་། མཁས་དབང་ཀྲུའུ་ཞོལ་གཡས་གདན་འདྲེན་ཞུས་ནས་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་དབང་ཆ་དེ་ཡང་སྙིང་སུ་ལ་ཡོད་དམ་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་གནང་ཡོད་པ་ལྟར། ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་ཀྱི་སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་ཡོངས་ཁྱབ་གསུང་འཕྲིན་གྱི་དོན་སྙིང་གཙོ་བོ་དང་། བོད་ཀྱི་ཡང་སྲིད་ལམ་ལུགས་དར་ཚུལ་སྙིང་བསྡུས་བཅས་ངོ་སྤྲོད་གནང་བ་མ་ཟད། ལས་རིམ་ལྟ་མཁན་རྒྱ་རིགས་རྣམས་ཀྱི་དྲི་བར་ལན་འདེབས་ཀྱང་གནང་ཡོད། ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ངོ་སྤྲོད་གནང་བར་གཞིགས་ན། དུས་ཡུན་ཚུ་ཚོད་གཅིག་གི་བརྙན་འཕྲིན་ལས་རིམ་དེའི་ནང་། དྲི་བ་བཏོན་པ་དང་། རང་གི་བསམ་ཚུལ་ཤོད་མཁན་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་ཐེ་བའི་རྒྱ་རིགས་སྤུན་ཟླ་མི་ཉུང་བ་ཞིག་བྱུང་ཡོད་པ་དེ་དག་ཁྲོད་ནས་གཅིག་མ་ཏོགས། གཞན་ཚང་མས་༸གོང་ས་མཆོག་གི་སྐུའི་ཡང་སྲིད་གཏན་འཁེལ་ཐག་གཅོད་ཀྱི་སྐུ་དབང་དེ་མགོན་པོ་གང་ཉིད་མཆོག་ལ་མ་མཏོགས། ལྷ་མེད་སྨྲ་བའི་རྒྱ་ནག་དམར་པོའི་གཞུང་ལ་མེད་པ་དང་། བོད་ནང་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་པའི་ངོས་འཛིན་གཅིག་གྱུར་བྱས་འདུག་པ་བཅས།།
ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པའི་ཕྱོགས་བསྐྱོད་ཀྱིས་བཞུགས་མོལ་ཚོགས་འདུར་ལྷན་ཞུགས་གནང་བ།
གསར་གནས།
འབྲེལ་གནས།