༄༅། །བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་འཇིགས་མེད་རྒྱ་མཚོ་ལགས་སུ་རྒྱ་གཞུང་གིས་བཙོན་ཁང་དུ་མནར་གཅོད་ཚད་མེད་བཏང་རྐྱེན་མཐར་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༧ ཚེས་ ༠༢ ཉིན་ཀན་ལྷོ་ཞིང་ཆེན་བོད་རིགས་ས་ཁུལ་གྱི་ཕུག་སྡེར་རང་ཁྱིམ་དུ་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད།
སྤྱིར་ཁོང་འདས་གྲོངས་སུ་གྱུར་རྐྱེན་གཙོ་བོ་གང་ཡིན་ཤེས་རྟོགས་བྱུང་མེད་ནའང་། ཁོང་ཕྱི་ལོ་ ༢༠༡༦ ལོར་བཙོན་གྲོལ་ཐོབ་ནས་བཟུང་མུ་མཐུད་གཟུགས་གཞིའི་གནས་བབ་སྐྱོ་པོར་གནས་ཡོད་སྐོར་ཤེས་རྟོགས་བྱུང་ཡོད། འདི་ལོའི་ཕྱི་ཟླ་ ༠༥ ནང་ཁོང་གི་འཕྲོད་བསྟེན་གནས་བབ་ཇེ་སྡུག་ཏུ་ཕྱིན་པར་བརྟེན་ཟི་ལིང་དུ་སྨན་ཁང་ལ་བསྐྱལ་ཡོད་ནའང་ཕན་འབྲས་ཐོན་མེད་པ་དང། རྒྱ་ནག་གཞུང་གིས་འཇིགས་མེད་རྒྱ་མཚོ་ལགས་དང་འབྲེལ་བའི་གནས་ཚུལ་ཕྱིར་གྱར་ལ་དམ་བསྒྲགས་ཤུགས་ཆེ་བྱས་རྐྱེན་ཁོང་གི་སྐོར་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱུང་མེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཇིགས་མེད་རྒྱ་མཚོ་ལགས་བཙོན་ཁང་དུ་ཡོད་སྐབས་ཕོག་པའི་རྨས་སྐྱོན་ལ་རྒྱ་གཞུང་ནས་ཁོང་གི་ནང་མིར་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་འཇུག་ཡོད་པ་དང་། ཁོང་ལ་བཙོན་གྲོལ་ཁག་ཐེག་སྤྲད་དེ་བཙོན་གྲོལ་བཏང་ཡོད་ན་ཁོང་གསོན་པོར་གནས་ཡོད་སྲིད་པ་འགྲེལ་བརྗོད་གནང་འདུག
བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གཞུང་གིས་ཁོང་ལ་མནར་གཅོད་ཚབས་ཆེ་བཏང་ཡོད་པའི་བདེན་དཔང་བརྙན་ཞིག་བཏོན་པ་དེ་ཉིད་དྲ་རྒྱའི་སྟེང་ཁྱབ་འཕེལ་ཆེན་པོ་བྱུང་ཞིང་། སྐབས་དེར་ཁོང་ལ་བཙོན་ཁང་ནང་རྡུང་རྡེག་མནར་གཅོད་དྲག་པོ་བཏང་ཚུལ་དང་། ཐེངས་མང་སྨན་ཁང་དུ་ལུས་པ། ཉིན་མང་པོ་ཟས་དང་ཆུ་མ་སྤྲད་པ། བཙན་པོས་ནོར་འཁྲུལ་ངོས་ལེན་བྱེད་འཇུག་པ་སོགས་ཀྱིས་རྐྱེན་བྱས་ཏེ་འདས་གྲོངས་སུ་གྱུར་གྲབས་བྱས་པའི་གནས་ཚུལ་ཕྱིར་བསྒྲགས་གནང་ཡོད། འཇིགས་མེད་རྒྱ་མཚོ་ལགས་ཐོག་མར་ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ལ་བཅར་ནས་ཕྱིར་ལོག་རྗེས་འཛིན་བཟུང་བྱས་ཡོད་པ་དང་། དེ་རྗེས་ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གི་གོ་སྒྲིག་བྱས་པའི་གསར་འགོད་པའི་སྐོར་སྐྱོད་སྐབས་གློ་བུར་དུ་ངོ་རྒོལ་སྐད་འབོད་ལངས་ཤིང་། སྐབས་དེར་རྒྱ་གཞུང་གིས་ཁོང་འཛིན་བཟུང་གིས་གཅར་རྡུང་དྲག་པོ་བཏང་ནས་ལོ་གཅིག་རྗེས་འདས་གྲོངས་སུ་འགྲོ་ཉེན་ཡོད་པ་མཐོང་བ་ན་འཕྲལ་དུ་གློད་བཀྲོལ་བཏང་། ཕྱི་ལོ་ ༢༠༡༠ ལོར་ཁོང་སླར་ཡང་འཛིན་བཟུང་བྱས་ཏེ་ཟླ་དྲུག་རིང་མགྲོན་ཁང་དུ་བཀག་ཉར་གྱིས་ཆབ་སྲིད་ཀྱི་སློབ་གསོ་ཞེས་པ་སྤྲད་ནས་གློད་བཀྲོལ་བཏང་། དེ་ནས་བསྐྱར་དུ་ཕྱི་ལོ་ ༢༠༡༡ ལོར་ཀན་ལྷོ་མི་མང་འབྲིང་རིམ་ཁྲིམས་ཁང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་བཏང་བའི་ཉེས་མིང་འོག་ལོ་ལྔ་བཙོན་འཇུག་ཁྲིམས་ཐག་བཅད། ཕྱི་ལོ་ ༢༠༡༦ ཟླ་བ་ ༡༠ ཚེས་ ༢༦ ཉིན་བཙོན་གྲོལ་ཐོབ་པ་དང་རྒྱ་གཞུང་གིས་ཁོང་གི་ནང་མི་ཚོར་སྣེ་ལེན་རིགས་གོ་སྒྲིག་ཞུ་མི་ཆོག་པ་མ་ཟད། འཇིགས་མེད་རྒྱ་མཚོ་ལགས་ཀྱིས་གྲྭ་ཆས་ནམ་ཡང་གྱོན་མི་ཆོག་པའི་ཁར་དགོན་པར་སླར་ལོག་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག
ཁོང་ལ་བཙོན་གྲོལ་ཐོབ་རྗེས་ལོ་དྲུག་ཙམ་རིང་གཟུགས་གཞིའི་གནས་བབ་སྐྱོ་པོས་གསོན་གནས་མཐར་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༧ ཚེས་ ༠༢ ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ དང་སྐར་མ་༡༥ ཙམ་ལ་ཕ་ཡུལ་ཕུག་སྡེ་རུ་རང་ཁྱིམ་དུ་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
སྤྱིར་རྒྱ་ནག་གཞུང་གིས་རྒྱུན་ལྡན་ནས་བོད་མི་བཙོན་པ་རྣམས་ལ་བཙོན་ཁང་དུ་མི་སྤྱོད་ལས་འདས་པའི་མནར་གཅོད་དང་བཙན་གནོན་གཏོང་གི་ཡོད་པ་དང་། བྱེད་འབབ་དེ་དག་མནར་གཅོད་མཚམས་འཇོག་གི་གྲོས་མཐུན་ (Convention Against Torture) སོགས་རྒྱལ་སྤྱིའི་ཁྲིམས་ཡིག་དང་འགལ་བ་ཡིན། ད་བར་ཤེས་རྟོགས་བྱུང་བར་གཞིགས་ན་ཕྱི་ལོ་ ༢༠༠༨ ནས་བོད་མི་ལྔ་བཅུ་ཙམ་བཙོན་ཁང་དུ་མནར་གཅོད་བཏང་རྐྱེན་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་ཡོད། །