༄༅། །བོད་ཀྱི་དུས་བབ་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་ཆབ་སྲིད་བཙོན་ཟུར་བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་ལ་ནད་མནར་བྱུང་སྟེ་ཡང་ཡང་སྨན་པར་བསྟེན་གཏུག་བྱས་ཀྱང་ཕན་ཐོགས་མ་བྱུང་བར་འདས་གྲོངས་སུ་གྱུར་ཡོད་འདུག
དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢། ༡༥ ཡས་མས་སུ་བོད་ཀྱི་ཆབ་སྲིད་བཙོན་ཟུར་བླ་བྲང་དགོན་པའི་དགེ་འདུན་པ་འཇིགས་མེད་རྒྱ་མཚོའམ། ཡོངས་གྲངས་སུ་འཇིགས་མེད་མགོ་རིལ་ལགས་རང་ཁྱིམ་དུ་འདས་གྲོངས་སུ་གྱུར་ཡོད་འདུག
ད་ལྟ་སུད་སིར་གནས་སྡོད་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འཇིགས་མེད་མགོ་རིལ་ལགས་ཟླ་བཞི་ལྷག་གོང་སྨན་ཁང་ནང་སྨན་བཅོས་བྱས་ཏེ་ཅུང་དྲག་སྐྱེད་བྱུང་ཡོན་ནའང་། ཉིན་ཤས་གོང་དུ་ཟི་ལིང་གི་སྨན་ཁང་ཞིག་ཏུ་བསྟེན་གཏུག་བྱས་ཡོད་ཀྱང་ཕན་ཐོགས་མ་བྱུང་བར་བརྟེན། ཕྱིར་རང་ཁྱིམ་དུ་ལོག་དགོས་བྱུང་སྟེ་ཕྱི་ཚེས་ ༢ ཉིན་གློ་བུར་དུ་འདས་གྲོངས་སུ་གྱུར་ཡོད་པ་དང་། ད་ལྟའི་ཆར་སྐུ་ཕུང་ཕ་ཡུལ་བླ་བྲང་ཕུག་སྡེ་ལ་ཡོད་སྐོར་བརྗོད་བྱུང་།
བོད་ཀྱི་ཆབ་སྲིད་བཙོན་ཟུར་འཇིགས་མེད་མགོ་རིལ་ལགས་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༠ ཉིན་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ལོ་གསུམ་རིང་ཁྲིམས་བཤེར་སོགས་གང་ཡང་མེད་པར་བཀག་ཉར་བྱས་ཡོད་པ་དང་། མཐར་ཕྱི་ལོ་ ༢༠༡༤ ཟླ་ ༨ པའི་ནང་རྒྱ་ནག་ཀན་སུའུ་ཞིང་ཆེན་གྱི་ལན་ཀྲའོ་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་གིས་རྒྱལ་ཁབ་ཁ་བྲལ་བཏང་བའི་ཉེས་མིང་འོག་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་ཡོད། བཙོན་འཇུག་གི་དུས་ཡུན་རིང་ཁོང་ལ་གཅར་རྡུང་དང་མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས་སྨན་ཁང་སོགས་ལ་བསྐྱལ་དགོས་བྱུང་ཡོད་པ་རེད། ཕྱི་ལོ་ ༢༠༡༦ ལོར་ཁོང་བཙོན་ཁང་དུ་ཡོད་པའི་སྐབས་དེར་ལན་ཀྲིག་ཊཱ་ཞ་ཕིན་བཙོན་ཁང་གི་སྨན་ཁང་ནང་ཁྲིད་ཡོད་པའི་གནས་ཚུལ་ཐོན་ཡོད་ཅིང་། ལྷག་པར་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༦ ཉིན་བཙོན་གྲོལ་ཐོབ་རྗེས་ཀྱང་ཁྲག་ཤེད་སོགས་ཀྱི་ནད་གཞི་ཕོག་ཡོད་འདུག ཆབ་སྲིད་བཙོན་ཟུར་ཁོང་རྒྱ་ནག་གཞུང་གིས་སྔ་ཕྱི་ཐེངས་བཞི་བཙོན་འཇུག་བྱས་ཡོད་འདུག །