༄༅། །རྒྱ་ནག་གཞུང་གིས་བོད་ཀྱི་རྩོམ་པ་པོ་དང་ཤེས་ཡོན་པ་རྣམས་ནས་རང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱད་དེ་བོད་ཀྱི་ཆོས་དང་རིག་གཞུང་སྦྱོང་སྤྱོད་སྤེལ་གསུམ་བྱས་པར་ཁ་བྲལ་གྱི་བྱ་བར་ངོས་འཛིན་གྱིས་མུ་མཐུད་འཛིན་བཟུང་བཀག་སྐྱིལ་དང་བཙོན་འཇུག་ཁྲིམས་ཐག་གཅོད་བཞིན་ཡོད། བོད་མི་རྩོམ་པ་པོ་རྣམས་ལ་མཚོན་ན་རྒྱུན་དུ་རྒྱ་ནག་གི་ཉེན་རྟོག་པ་དང་དྲ་རྒྱའི་དོགས་སྲུང་བྱ་ར་བྱས་ཏེ། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་ཅ་དངོས་ཇི་ཡོད་སོགས་རྟོགས་ཞིབ་ནན་ཏན་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་གི་དཔོན་རིགས་ཚོས་ངོས་འཛིན་བྱས་པའི་ཁྲིམས་འགལ་རྩོམ་ཡིག་གི་གོ་དོན་ནི་འཇུག་པ་ཡངས་ཤིང་ཁ་གསལ་མེད་པ་མ་ཟད། དེ་ལ་བརྟེན་ནས་རྒྱ་ནག་དམར་ཤོག་ཚོགས་པར་ཉེན་ཁ་མཐོང་བའི་བོད་མི་རྣམས་བདེ་བླག་ཏུ་འཛིན་བཟུང་བྱེད་ཐུབ།
འཛིན་བཟུང་བྱས་པའི་བོད་ཀྱི་རྩོམ་པ་པོ་ཕལ་མོ་ཆེའི་རྩོམ་ཡིག་ནང་རྒྱ་གཞུང་གིས་བཤད་པ་ལྟར་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོན་སྐྱོན་ཕོག་གཞིའི་བརྗོད་དོན་གསལ་བའི་དཔང་རྟགས་བསྟན་རྒྱུ་མེད། ཤེས་རྟོགས་བྱུང་བ་ལྟར་ན་ཉེ་ལམ་འཛིན་བཟུང་བྱས་པའི་བོད་ཀྱི་རྩོམ་པ་པོ་རྣམས་ནི་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་དང་། ཐུབ་བསྟན་བློ་གྲོས་ལགས། རོང་བོ་གངས་དཀར་ལགས་བཅས་ཡིན་ཞིང་། ཁོང་གསུམ་ལས་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ལ་ལོ་བཞི་དང་། ཐུབ་བསྟན་བློ་གྲོས་ལགས་ལ་ལོ་བཞི་དང་ཟླ་བ་དྲུག་གི་བཙོན་འཇུག་ཁྲིམས་ཐག་གཅད་ཡོད་པ་དང་། རོང་བོ་གངས་དཀར་ལགས་འཛིན་བཟུང་བཀག་སྐྱིལ་འོག་བཞག་ཡོད་འདུག ། འཛིན་བཟུང་གནད་དོན་ཕལ་མོ་ཆེ་བའི་ནག་ཉེས་ཇི་ཡིན་དང་། ཁྲིམས་བཅད་དུས་ཚིགས། ད་ལྟ་གང་དུ་ཡོད་མེད་སོགས་ཁ་གསལ་མེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་གི་སྙན་ཐོ་ལྟར་ན། ཕྱི་ལོ་ ༢༠༢༠ ཟླ་བ་ ༡༢ ནས་གར་སོང་ཆ་མེད་དུ་གྱུར་པའི་བོད་ཀྱི་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ལ་ཟི་ལིང་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཕྱི་ལོ་ ༢༠༢༡ ཟླ་བ་ ༡༢ ཚེས་ ༠༡ ཉིན་ལོ་བཞིའི་བཙོན་འཇུག་དང་ལོ་གཉིས་རིང་ཆབ་སྲིད་ཐོབ་ཐང་ཕྱིར་བསྡུའི་ཁྲིམས་ཐག་བཅད་འདུག རོང་བོ་དགེ་འདུན་ལྷུན་གྲུབ་ལགས་རྒྱ་ནག་གི་ཉེན་རྟོག་པས་ཕྱི་ལོ་ ༢༠༢༠ ཟླ་བ་ ༡༡ ཚེས་ ༡༡ ཉིན་མཚོ་སྔོན་ཞིང་ཆེན་བོད་རིགས་ས་ཁུལ་རེབ་གོང་གྲོང་ཁྱེར་གྱི་རོང་པོ་དགོན་པའི་ཉེ་འགྲམ་ནས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་ཟི་ལིང་དོ་དམ་བཀག་སྡོམ་ཁང་དུ་བཀག་སྐྱིལ་སྐབས་ཆབ་སྲིད་ཀྱི་སློབ་གསོ་ཟེར་བ་སྤྲད་དེ། བོད་ཀྱི་ནང་པ་སངས་རྒྱས་པའི་ཕྱག་དཔེ་ཁག་རྒྱ་སྐད་དུ་བསྒྱུར་འཇུག་ཡོད་པ་གོང་གསལ་སྙན་ཐོའི་ནང་འཁོད་འདུག
ཁོང་གི་བརྩམས་ཆོས་གསར་ཤོས་འཁོར་བ་ཞེས་པ་དཔར་འགྲེམས་ཞུས་པའི་རྗེས་རིང་པོར་མ་ཐོགས་པར་ཁོང་འཛིན་བཟུང་གིས་ཁྲིམས་ཐག་གཅད་ཡོད་ཅིང་། ཁོང་ལ་མཚོན་ལ་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་སྒྱུར་གྱི་སྲིད་བྱུས་ལ་མངོན་གསལ་དོད་པོས་དོགས་དྲི་བྱས་པར་བརྟེན་སྔ་ཕྱིར་ཐེངས་འགའ་འབོད་འགུག་དང་འདྲི་བརྩད་བྱས་འདུག །
གཞན་ཡང་བོད་ཀྱི་རྩོམ་པ་པོ་ཐུབ་བསྟན་བློ་གྲོས་ལགས་ལ་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་ཟིང་འཁྲུག་གི་ཉེས་མིང་འོག་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༦ ཚེས་ ༡༤ ཉིན་རྒྱ་གཞུང་གིས་ལོ་བཞི་དང་ཟླ་བ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག འདས་པའི་ཟླ་བ་དྲུག་རིང་ཁོང་ཉིད་ཆ་རྒྱུས་མེད་པའི་ས་ཚིགས་ཤིག་ཏུ་བཀག་སྐྱིལ་འོག་བཞག་ཡོད་པ་དང་། ཁོང་ཐོག་མར་སྔ་ལོའི་ཕྱི་ཟླ་ ༡༠ ནང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་ཕོག་གཞི་དང་མི་རིགས་ཆིག་སྒྲིལ་ལ་གནོད་པའི་རྩོམ་ཡིག་དཔར་འགྲེམས་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད། རྒྱ་ནག་གཞུང་གིས་ཉེས་འཛུགས་དེ་རང་བཏགས་ནས་བོད་ཀྱི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་། རིན་ཆེན་ཚུལ་ཁྲིམས་ལགས། དྷི་ལྷ་ལྡན་ལགས། རོང་པོ་དགེ་འདུན་ལྷུན་གྲུབ་ལགས་སོགས་ཀྱང་འཛིན་བཟུང་བྱས་ཡོད་པ་རེད།
ཐུབ་བསྟན་བློ་གྲོས་ལགས་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ་རྒྱུས་ལོན་བྱ་ཐབས་བརྩམས་ཀྱང་རྒྱ་གཞུང་གིས་གནས་ཚུལ་ཕྱིར་བསྒྲགས་བྱུང་ཉེན་ལ་དམ་བསྒྲགས་ཤུགས་ཆེ་བྱས་རྐྱེན་གནས་ཚུལ་རྒྱས་པ་ཤེས་རྟོགས་ཐུབ་མེད། སྤྱིར་ཁོང་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་ད་ལྟ་ཁོང་གང་དུ་བཙོན་འཇུག་བྱས་ཡོད་མེད་དང་ཁོང་གི་གནས་སྟངས་སོགས་རྒྱུས་ལོན་ཐུབ་ཀྱི་མེད། བོད་ཀྱི་དུས་བབ་གསར་ཁང་ལྟར་ན། རྒྱ་ནག་གཞུང་གིས་ཁོང་གི་ནང་མི་ཚོར་གནོན་ཤུགས་སྤྲོད་ཀྱི་ཡོད་པ་མ་ཟད། ད་ལྟ་ཁོང་གི་བུ་ཕྲུག་གཉིས་ཀྱང་སློབ་གྲྭར་བསྐྱོད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག
དེ་བཞིན་ཉེ་ལམ་ཐོན་པའི་སྙན་ཐོ་ལྟར་ན་ཕྱི་ལོ་ ༢༠༢༡ ལོའི་ལོ་སྟོད་ནས་བཟུང་ལོ་གཅིག་ཙམ་གར་སོང་ཆ་མེད་དུ་གྱུར་པའི་བོད་ཀྱི་རྩོམ་པ་པོ་རོང་པོ་གངས་དཀར་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་གཏན་ཁེལ་འདུག དེ་ཡང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་ཕྱི་ལོ་ ༢༠༢༡ ལོ་འགོར་རྒྱ་གཞུང་གིས་ཁོང་གློ་བུར་གསང་སྟབས་ཀྱིས་འཛིན་བཟུང་བྱས་ཡོད་སྐོར་བཀོད་འདུག་ནའང་། ཁོང་ད་ལྟ་གང་དུ་ཡོད་མེད་དང་ཁོང་གི་གནས་སྟངས། ཉེས་མིང་གང་བརྟེན་ནས་འཛིན་བཟུང་བྱས་པ། ཉན་ཞིབ་དུས་ཚོད་སོགས་ཤེས་རྟོགས་བྱུང་མེད། རོང་པོ་གངས་དཀར་ལགས་ནི་ཨ་མདོ་རྨ་ལྷོ་རེབ་གོང་ནས་ཡིན་པ་དང་། རྩོམ་ཡིག་དང་སྒྱུར་རྩོམ་མང་པོ་འབྲི་མཁན་གྱི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན། ཁོང་གི་གྲགས་ཆེ་བའི་བརྩམས་ཆོས་འགའ་ནི་མདུད་པ་དང་། དགེ་འདུན་ཆོས་འཕེལ་ལྷན་གླེང་མོལ་སོགས་ཡིན།
བར་ལམ་ནས་རྒྱ་ནག་གཞུང་གིས་བོད་ཀྱི་རྩོམ་པ་པོ་དང་ཤེས་ཡོན་པ་འཛིན་བཟུང་བྱ་སྟངས་ལ་གཞིགས་ན། རྒྱ་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་ཀྱི་ཤེས་ལྡན་པ་རྣམས་ཀྱི་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་ཞུ་གཏུག་ལས་གཞིར་གཉའ་གནོན་བྱེད་བཞིན་གསལ་པོ་ཆགས་ཡོད། བོད་ཀྱི་རྩོམ་པ་པོ་དང་ཤེས་ཡོན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་། དྷིཿ ལྷ་ལྡན་ལགས། རོང་པོ་དགེ་འདུན་ལྷུན་གྲུབ་ལགས། པདྨ་མཚོ་ལགས། རིན་ཆེན་ཚུལ་ཁྲིམས་ལགས། ཀུན་བཟང་རྒྱལ་མཚན་ལགས་སོགས་ནས་བོད་ཀྱི་ངོ་བོ་རྒྱུན་འཛིན་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱད་པར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་དང་མི་རིགས་ཆིག་སྒྲིལ་ལ་གནོད་གཞིའི་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་ཡོད་པ་དང་། ཤེས་ལྡན་པ་རེ་ཟུང་ལ་དུས་ཡུན་རིང་པོའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།
དེ་ལྟ་བས་ན་རྒྱ་གཞུང་ལ་རེ་སྐུལ་ཞུ་རྒྱུར། རྒྱ་ནག་གཞུང་ནས་བོད་ཀྱི་རིག་གཞུང་བཙན་སྒྱུར་གྱི་ལས་གཞི་མཚམས་འཇོག་བྱས་ཏེ་བཙོན་འཇུག་བྱས་པའི་བོད་ཀྱི་རྩོམ་པ་པོ་དང་ཤེས་ལྡན་པ་གཙོས་པའི་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བའི་ཐོབ་ཐང་ལ་བརྩི་སྲུང་གིས་འཕྲལ་དུ་ཆ་རྐྱེན་གང་ཡང་མེད་པའི་ཐོག་གློད་བཀྲོལ་གཏོང་དགོས།།