༄༅། །ཕྱི་ལོ་ ༢༠༡༩ ལོར་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་དཀྲུགས་པའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་སུ་བཙོན་ཁང་དུ་ངལ་རྩོལ་དང་ཆབ་སྲིད་སློབ་གསོ་ཞེས་པ་སྤྲོད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༩ ཟླ་བ་ ༠༧ ཚེས་ ༢༧ ཉིན་རྔ་བ་མི་མང་བདེ་འཇགས་ལས་ཁུངས་ཀྱིས་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་སུ་སྤྱི་ཚོགས་དྲ་ལམ་སྟེང་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཤིང་། དེ་རྗེས་ལོ་གཉིས་ཙམ་གཞན་ལ་འབྲེལ་ལམ་བྱ་རྒྱུའི་གོ་སྐབས་མེད་པའི་བཀག་སྐྱིལ་འོག་བཞག་པ་དང་། ཕྱི་ལོ་ ༢༠༢༡ ཟླ་བ་ ༠༣ ནང་གསང་བའི་ཉན་ཞིབ་བྱས་ཏེ་ཁོང་ལ་ལོ་བཞི་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།
བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་དང་ནང་མིའི་བར་དུས་ཡུན་སྐར་མ་ ༡༠ རིང་ཁ་པར་བརྒྱུད་ཁ་བརྡ་བྱེད་པའི་ཆོག་མཆན་སྤྲད་འདུག་ནའང་། རྒྱ་གཞུང་གི་དཔོན་རིགས་ཚོས་ཁོང་འཛིན་བཟུང་བྱས་པ་ནས་བཟུང་ཁོང་གི་ནང་མི་དང་དངོས་སུ་ཐུག་འཕྲད་ཀྱི་གོ་སྐབས་སྤྲད་མེད། གོང་སྨོས་གསར་ཁང་གི་གནས་ཚུལ་མཁོ་སྤྲོད་པས་གྲྭ་རིན་ཆེན་གྱི་བཙོན་རོགས་ཤིག་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། དགེ་འདུན་པ་ཁོང་མེན་ཡང་བཙོན་ཁང་དུ་ཡོད་པ་དང་། ཁོང་བདེ་ཐང་ཡིན་ཞིང་། ཁོང་ལ་ཕ་མ་གཉིས་ཀྱི་འདྲ་པར་རེ་བསྐུར་ཐབས་གནང་བ་ལས་དེ་མིན་གྱི་དངོས་པོ་གཞན་བསྐུར་ཡང་བཙོན་ཁང་ནས་ལེན་ཆོག་གི་མེད་པ་བཤད་འདུག
དེ་བཞིན་མུ་མཐུད་འབྲེལ་ཡོད་གསར་ཁང་གིས་གྲྭ་རིན་ཆེན་ལགས་སུ་བཙོན་ཁང་ནང་ངལ་རྩོལ་དང་ཆབ་སྲིད་ཀྱི་སློབ་གསོ་ཟེར་བ་སྤྲོད་ཀྱི་ཡོད་སྐོར་བཀོད་ཡོད་མོད། ད་ལྟའི་ཆར་དེ་འབྲེལ་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མེད། འབྲེལ་ཡོད་གསར་ཁང་དེས་གནས་ཚུལ་བཀོད་པ་ལྟར་ན་ད་ལྟ་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱི་གཟུགས་གཞི་བདེ་ཐང་ཡིན་མིན་དང་ངལ་རྩོལ་ལས་ཀ་ཅི་ཞིག་བྱེད་འཇུག་གི་ཡོད་མེད་སོགས་ཐག་གཅོད་དཀའ་བར་གྱུར་ཡོད།
གཞན་ཡང་འབྲེལ་ཡོད་གསར་ཁང་བརྒྱུད་གནས་ཚུལ་རྒྱུས་ལོན་བྱུང་བར་གཞིགས་ན། ཉེ་ལམ་རྒྱ་གཞུང་གིས་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཞིག་དང་། མགོ་ལོག་གི་བོད་མི་ཚོང་པ་གཅིག་བཅས་མེན་ཡང་བཙོན་ཁང་ནས་གློད་བཀྲོལ་བཏང་འདུག་ཅིང་། བོད་མི་དེ་གཉིས་ཀྱི་ཉེན་སྲུང་ཆེད་མིང་དང་བཙོན་འཇུག་ཉེས་དོན་ཇི་ཡིན་ཞིབ་ཕྲའི་གནས་ཚུལ་བཀོད་མི་འདུག
སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུ་ཉེ་འགྲམ་དུ་ཡོད་པའི་མེན་ཡང་བཙོན་ཁང་ནི་བོད་ཤར་ཕྱོགས་ཁུལ་གྱི་བོད་མི་བསམ་བློ་བ་དང་ཕྱོགས་འགལ་བ་དུ་མ་འཛིན་བཟུང་བྱ་ཡུལ་གྱི་བཙོན་ཁང་ཞིག་ཡིན་པ་དང་། བོད་མི་ཆབ་སྲིད་བཙོན་ཟུར་གྲྭ་ཆོས་སྐྱིད་ལགས་ཕྱི་ལོ་ ༢༠༡༩ ཟླ་བ་ ༠༡ ནང་བཙོན་ཁང་དེ་ནས་བཙོན་འཇུག་དུས་ཡུན་མ་གཙང་གོང་གློད་བཀྲོལ་བཏང་རྗེས་ཕྱི་ལོ་ ༢༠༢༠ ཟླ་བ་ ༠༥ ནང་འདས་གྲོངས་སུ་གྱུར་ཡོད། འོན་ཀྱང་རྒྱ་གཞུང་གིས་ཁོང་ལ་བཙོན་ཁང་དུ་ཉེས་རྡུང་དང་ལྟ་རྟོག་ཞན་པོ་བྱུང་བ་ལ་བརྟེན་ནས་འདས་གྲོངས་སུ་གྱུར་བར་ངོས་འཛིན་བྱས་མེད།།