༢༠༡༠ ཟླ་ ༧ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །བལ་ཡུལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༦ ཉིན་བལ་ཡུལ་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་བལ་ཡུལ་སྐུའི་འཁྲུངས་སྐར་གོ་སྒྲིག་ཚོགས་ཆུང་གིས་བལ་ཡུལ་ཀ་ཐ་མན་གྲུའི་ཁུལ་གནས་སྡོད་བོད་རིགས་ཡོངས་ཀྱིས་མཉམ་རུབ་ཐོག་འདི་ལོ་ཡང་སྔར་བཞིན་ས་ཁུལ་གཅིག་ཏུུ་རང་ཅག་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༥ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་མཛད་སྒོ་དབུ་འཛུགས་མ་ཞུས་གོང་མཆོད་རྟེན་ཆེན་པོ་རྣམ་གསུམ་ལ་ན་བཟའ་དང་དབུ་དཀར་ལེགས་གསོ་གནང་ཡོད། དེ་ནས་ཆུ་ཚོད་ ༩ ཐོག་ཕྱོགས་བཞུགས་བཙན་བྱོལ་བོད་མི་མང་སྤྱི་འཐུས་རྣམ་པ་དང་། བལ་ཡུལ་དོན་ཁང་དྲུང་ཆེ། རིས་མེད་དགོན་སྡེ་ཁག་གི་མཁན་བླ་སྤྲུལ་རྣམས་ཀྱི་ལས་སྣེ་སྐུ་ཚབ། ས་གནས་འཐུས་ཚོགས་ཁག་གི་ཚོགས་གཙོ་དང་འཐུས་མི། ས་གནས་འགོ་འཛིན། གཞུང་ཞབས་ཟུར་པ། ས་གནས་རང་བདེན་ཚོགས་ཆུང་ཁག་གི་ཚོགས་གཙོ་དང་འཐུས་མི། སློབ་གྲྭ་ཁག་གི་དབུ་འཛིན་དང་སློབ་སྤྱི། གཞུང་འབྲེལ་ལས་ཁུངས་ཁག་གི་ལས་བྱེད། སེར་སྐྱ་མི་མང་བཅས་མི་གྲངས་བརྒྱ་ཕྲག་བརྒལ་བ་འཇོ་ཁེལ་བཟོ་གཞིས་མདུན་ཐང་ཆེན་མོར་འདུ་འཛོམས་ཐོག་འཇོ་ཁེལ་བཟོ་གཞིས་དགོན་པ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤོས་སྣེས་སྔོན་བསུས་ཏེ་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པས་བཀྲ་ཤིས་ཞོལ་པ་དང་། ལྷ་ལུང་གཞས་མའི་བསྟོད་ཚིག སློབ་ཕྲུག་རྣམས་ནས་རྔ་རོལ་དང་བཅས་གདན་ཞུས་ཀྱིས་བཞུགས་ཁྲིར་མངའ་གསོལ་རྗེས་བལ་ཡུལ་དོན་ཁང་གི་དྲུང་ཆེ་དང་། བཙན་བྱོལ་བོད་མི་མང་སྤྱི་འཐུས་རྣམས་ཀྱིས་༸རྒྱལ་བའི་སྐུ་པར་རིན་པོ་ཆེར་མལ་རྟེན་གསུམ་འདེགས་འབུལ་ཞུས། དེ་རྗེས་དགེ་འདུན་པ་རྣམས་ཀྱིས་ཞབས་བརྟན་གསོལ་འདེབས་གསུང་འདོན་གནང་བ་དང་སྦྲགས་སེར་སྐྱ་མི་མང་ཡོངས་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་ཁ་དང་མཇལ་དར་བསྒྲོན་འབུལ་ཞུས་ཡོད། དེ་ནས་གོ་ཀར་ན་རྣམ་རྒྱལ་མཐོ་རིམ་སློབ་གྲྭ་དང་ཨ་ཏི་ཤ་སློབ་གྲྭའི་སློབ་ཕྲུག་གི་རྔ་རོལ་དང་བཅས་མི་མང་ཡོངས་ཀྱིས་མགྲིན་དབྱངས་གཅིག་གྱུར་གྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། ནེ་པལ་རྒྱལ་གླུ། སྐུའི་གསང་གསུམ་གྱི་བསྟོད་པ་དྲུག་ཅུ་དབྱངས་ལྡན་སོགས་བཏང་།དེ་རྗེས་སྐུ་མགྲོན་གཙོ་བོ་བོད་དོན་རྒྱབ་སྐྱོར་བ་བལ་ཡུལ་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་མི་ཟུར་པ་ཀཱ་པིལ་ཤྲེས་ཐ་ (Prof. Kapil Shrestha) མཆོག་དང་། ཕྱི་ནང་གི་སྐུ་མགྲོན་བཅས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་ཆེད་དུ་ཕུག་རོན་གྲངས་ ༡༠༨ སྲོག་གླུ་བཏང་གྲུབ་མཚམས་བལ་ཡུལ་སྐུའི་འཁྲུངས་སྐར་གོ་སྒྲིག་ཚོགས་ཆུང་ནས་སྐུ་མགྲོན་དང་མི་མང་ཡོངས་ལ་རྟེན་འབྲེལ་མཚོན་ཆེེད་འབྲས་སིལ་དང་གསོལ་ཇ་ཕུལ། དེ་ནས་བལ་ཡུལ་སྐུ་ཚབ་དོན་གཅོད་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་འཚམས་འདྲི་ཞུས་པ་དང་ཆབས་ཅིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཐོག་བཙན་བྱོལ་བོད་གཞུང་བཀའ་ཤག་གི་གསུང་བཤད་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་རྒྱལ་ནོར་ཚེ་དབང་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྱང་གནང་རྗེས་མང་ཚོགས་ལ་འགྲེམས་སྤེལ་རྒྱ་གང་ཆེ་ཞུས་ཡོད། དེ་རྗེས་བལ་ཡུལ་ནང་གི་གཞུང་འབྲེལ་གཏན་ཉིན་སློབ་གྲྭ་བཞི་ནས་རང་ལུགས་རྐང་བྲོ་གླུ་གཞས་འདྲ་མིན་འཁྲབ་སྟོན་ཞུས་ཡོད། དེ་ནས་ཆུ་ཚོད་ ༤ ཙམ་དུ་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པ་ནས་བཀྲ་ཤིས་པའི་རྣམ་ཐར་དང་སྦྲགས་ཀི་བསྭོའི་ལྷ་རྒྱལ་འཐེན་བ་སོགས་བྱས་ཏེ་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་གཟབ་རྒྱལ་ངང་གྲོལ་ཡོད་པ་བཅས།།