༢༠༡༡ ཟླ་ ༩ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་ཨ་རི་སྒོར་གཞས་སྐྱིད་སྡུག་ནས་གདན་ཞུས་ལྟར། བྱང་ཨ་རིའི་སྐུ་ཚབ་དོན་ཁང་གི་ཟུང་དྲུང་ཀུན་དགའ་བཀྲ་ཤིས་ལགས་དོན་ཁང་གི་སྐུ་ཚབ་གནང་སྟེ་སྔ་འགྱུར་རྙིང་མའི་དབུ་འཛིན་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་གི་དགོངས་རྫོགས་མཆོད་འབུལ་ལ་མཉམ་ཞུགས་གནང་ཡོད། སྔ་འགྱུར་རྙིང་མའི་དབུ་འཛིན་སྐྱབས་རྗེ་འཁྲུལ་ཞིག་ངག་དབང་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢ ཉིན་བསྟན་འགྲོའི་དོན་དུ་རེ་ཞིག་དགོངས་པ་གཞན་དོན་དུ་གཤེགས་ནས་སྐུ་ཚིགས་བཞི་པ་འཁོར་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་ ༩ ཚེས་ ༡༥ ཉིན་ཨ་ཅིན་ཀྲི་ནའི་གནམ་ཐང་ནས་ཡང་སྤྲུལ་གཞོན་ནུའི་གཟུགས་སྐུ་མྱུར་དུ་འཆར་བའི་མྱུར་བྱོན་གསོལ་འདེབས་བཀའ་རྩོམ་མཛད་པ་ལྟར། འཁྲུལ་ཞིག་རིན་པོ་ཆེ་མཆོག་གི་ཡང་སྤྲུལ་གང་མགྱོགས་བྱོན་ནས་གོང་མའི་རྣམ་ཐར་བདག་གིར་བཞེས་ཐུབ་པའི་སླད། ཕྱི་ཟླ་ ༩ ཚེས་ ༢༥ རེས་གཟའ་སྤེན་པའི་གུང་གསེང་གི་དུས་ཚོད་ཉིན་བླ་མཆོད་ཚོགས་འཁོར་གྱི་ལམ་ནས་ཞབས་རིམ་རྒྱས་པོ་ཞིག་ཚོགས་
ཡོད། གོང་ཞུས་ལྟར་དོན་ཁང་གི་སྐུ་ཚབ་ཟུང་དྲུང་ཀུན་དགའ་བཀྲ་ཤིས་ལགས་དང་། ཨ་རི་བོད་ཀྱི་ཐེབས་རྩའི་འགན་འཛིན། ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་སོགས་སེར་སྐྱ་མང་ཚོགས་ ༡༧༠ ཙམ་དགོངས་རྫོགས་མཆོད་འབུལ་ལ་མཉམ་ཞུགས་གནང་ཡོད། ཨ་རི་སྒོར་གཞས་སྐྱིད་སྡུག་གིས་ཐེངས་འདིའི་ཞབས་རིམ་གྱི་དབུ་བཞུགས་སུ་བར་འབྲོག་ཆུ་བཟང་རིན་པོ་ཆེ་གདན་འདྲེན་ཞུས་ཡོད་པ་དང་། ནིའུ་ཡོཀ་དང་ནིའུ་འཇར་སི་མངའ་ཁུལ་ནས་སེར་སྐྱ་མང་ཚོགས་རྣམས་ཀྱིས་རྡོར་རྗེ་སེམས་པ་དང་འབྲེལ་བའི་བླ་མཆོད་ཚོགས་འཁོར་གྱི་སྨོན་ལམ་དང་། བཟང་པོ་སྤྱོད་པའི་སྨོན་ལམ། རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་སོགས་གསུང་འདོན་དང་འབྲེལ་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་གི་ཡང་སྲིད་འཁྲུལ་བྲལ་དྲི་མ་མེད་པ་ཞིག་མྱུར་དུ་བྱོན་པའི་ཐུགས་སྨོན་གནད་དུ་སྨིན་པ་གནང་ཡོད་པ་མ་ཟད། ད་དུང་༸རྒྱལ་བའི་ཞབས་བརྟན་དང་། འཁྲུལ་ཞིག་རིན་པོ་ཆེ་མཆོག་ནས་ལྗགས་རྩོམ་མཛད་པའི་༸གོང་ས་མཆོག་གི་འཁྲུངས་རབས་གསོལ་འདེབས་བྱིན་རླབས་བདུད་རྩིའི་སྤྲིན་ཕུང་ཡང་གསུང་འདོན་གནང་ཡོད། གཞན་ཡང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་སླད་འདས་གྲོངས་སུ་གྱུར་པའི་བོད་ནང་གི་
དཔའ་བོ་དཔའ་མོ་ཚོའི་ཆེད་བཟང་སྤྱོད་སྨོན་ལམ་གསུང་འདོན་གནང་ཡོད། མཇུག་ཏུ་སྒོར་གཞས་སྐྱིད་སྡུག་གི་ཚོགས་གཙོས་དེ་རིང་སླར་ཡང་ཞབས་རིམ་འདི་འདྲ་ཞིག་གོ་སྒྲིག་གནང་དགོས་པའི་རྒྱུ་མཚན་མདོར་བསྡུས་དང་། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་སྐུ་ཚེའི་མཛད་རྣམ་སྙིང་བསྡུས་ཤིག་ངོ་སྤྲོད་དང་འབྲེལ་དེ་ཉིན་ཞལ་འདེབས་མང་ཉུང་ཇི་བྱུང་ཡོངས་རྫོགས་སྐྱབས་རྗེ་དམ་པའི་དགོན་པར་འབུལ་རྒྱུ་ཡིན་པའི་གསལ་བསྒྲགས་ཡང་གནང་ཡོད་པ་བཅས།།
ཨ་རི་སྐུ་ཚབ་དོན་གཅོད་ཁང་གིས་སྔ་འགྱུར་རྙིང་མའི་དབུ་འཛིན་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་གི་དགོངས་རྫོགས་མཆོད་འབུལ་ལ་ཞུགས་པ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)