༢༠༡༡ ཟླ་ ༩ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༦ ཉིན་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་གཉིས་པ་འཚོགས་བཞིན་པ་དང་སྟབས་བསྟུན་བྱང་ཨ་རིའི་སྤྱི་འཐུས་བདེ་སྐྱིད་ཆོས་དབྱངས་ལགས་བཀའ་བློན་དུ་འདེམས་ཐོན་བྱུང་བའི་ཚབ་ཏུ་བྱང་ཨ་རིའི་སྤྱི་འཐུས་ཀྱི་སྒུག་ཐོ་དང་པོ་བཀྲིས་རྣམ་རྒྱལ་ལགས་ཀྱིས་སྤྱི་འཐུས་ཚོགས་གཙོ་སྤེན་པོ་མཆོག་གི་མདུན་ལས་ཁུར་དམ་འབུལ་ཞུས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྤྱི་འཐུས་རྣམས་ལྷན་འཛོམས་ཀྱི་ཚོགས་འདུའི་ལས་རིམ་དབུ་འཛུགས་མ་གནང་གོང་གྲོས་ཚོགས་སུ་བཀྲིས་རྣམ་རྒྱལ་ལགས་ཀྱིས་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲིར་མཇལ་དར་ཕུལ་ཏེ་སྤྱི་འཐུས་ཚོགས་གཙོ་མཆོག་གི་མདུན་ལས་འཁུར་དམ་འབུལ་ཞུས་རྗེས་རྟེན་འབྲེལ་གསོལ་ཇ་འབྲས་སིལ་ཕུལ་གྲུབ་མཚམས་གྲོས་ཚོགས་ཀྱི་ཚོགས་འདུའི་ལས་རིམ་དབུ་འཛུགས་གནང་ཡོད།
དེ་ཡང་བཀྲིས་རྣམ་རྒྱལ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས་ནི། ཁོང་ཕྱི་ལོ་ ༡༩༥༢ འཁྲུངས་ཤིང་། དགུང་ལོ་ཆུང་དུས་ནས་ཕ་མ་དང་བྲལ་ཏེ་ཕྱི་ལོ་ ༡༩༦༠ ལོར་བཙན་བྱོལ་ལ་བལ་ཡུལ་དུ་འབྱོར་རྗེས་གློ་སྒྲིག་འཛུགས་ནས་ལོ་གསུམ་ཙམ་གྱི་རིང་བུ་ཕྲུག་གཞན་མཉམ་བདག་གཅེས་དང་། དེ་ནས་རྒྱ་གར་ལ་བཏང་རྗེས་པ་ཆ་མ་རི་བོད་གཞུང་སློབ་གྲྭར་སློབ་ཞུགས་ཀྱིས་ཕྱི་ལོ་ ༡༩༧༢ ལོར་གཞི་རིམ་སློབ་གྲྭ་ཐོན། ༸གོང་ས་མཆོག་དང་བོད་གཞུང་གི་བཀྲིན་སྙིང་དབུས་སུ་བཅངས་ཏེ་བཞུགས་སྒར་དུ་བོད་གཞུང་གི་ཞབས་ཞུར་བཀོད་སྒྲིག་གནང་དོན་བཞིན་ངོ་བཅར་ཞུས། བོད་གཞུང་འདྲ་དཔར་ཁང་དང་བདེ་སྲུང་ལས་ཁུངས་སུ་ལས་འཁུར་ཞུ་མུས་སྐབས་ལྡི་ལི་གཙུག་ལག་སློབ་གྲྭ་ནས་ཡིག་འབྲེལ་ཐོག་སློབ་སྦྱོང་གནང་སྟེ་མཐོ་སློབ་ཀྱི་ལག་ཁྱེར་ཐོབ། ཇན་ཏ་ཚོགས་པས་རྒྱ་གར་གྱི་གཞུང་འཛིན་བྱེད་སྐབས་ལྡི་ལིར་དམིགས་བསལ་བསྐོ་གཏོང་ལྟར་སྐབས་དེའི་གཞོན་ནུའི་ཚོགས་གཙོ་བློ་བཟང་སྦྱིན་པ་ལགས་དང་མཉམ་རྒྱ་གར་གྲོས་ཚོགས་འཐུས་མི་ནས་བོད་དོན་རྒྱབ་སྐྱོར་ཐོབ་ཐབས་དང་འཕགས་བོད་མཛའ་འབྲེལ་ཚོགས་པ་ཐོག་མར་གསར་འཛུགས་ཀྱི་ལས་འཁུར་ཞུས་ཤིང་ཕྱི་ལོ་ ༡༩༨༣ ལོར་བོད་ཀྱི་གཞོན་ནུའི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་དྲུང་ཆེར་ལས་དུས་གཉིས་བསྟུད་མར་ལས་འཁུར་ཞུས་ཡོད། སྐབས་དེར་བོད་ཀྱི་ནང་ཆོས་མཐུན་ཚོགས་གསར་འཛུགས་དང་འབྲེལ་བའི་ལས་དོན་སྣ་མང་ཞུས་པ་མ་ཟད། རྒྱལ་སྤྱིའི་ཚོགས་འདུ་ཆེ་ཁག་མང་པོར་ངོ་བཅར་ཞུས། བོད་དོན་དྲིལ་བསྒྲགས་དང་རྒྱབ་སྐྱོར་སྐུལ་སློང་གིས་ལས་དོན་ལ་ཤུགས་སྣོན་བརྒྱབ་ཐུབ་པ་བྱུང་ཡོད། དེ་ནས་མན་སྤར་ཕན་བདེ་གླིང་གི་གཞི་འགོ་དང་། བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན། བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་བཅས་ཀྱི་ལས་འཁུར་ཞུས་ཡོད་ཅིང་། བལ་ཡུལ་དུ་ལས་འཁུར་ཞུ་ཡུན་རིང་བལ་ཡུལ་སྣེ་ལེན་ཁང་གསར་རྒྱག སྙེ་ཤང་ཁུལ་དུ་བོད་མི་སློབ་གྲྭ་གསར་འཛུགས། བལ་ཡུལ་དོན་གཅོད་ཁང་གིས་ཁང་པ་མིང་བསྒྱུར་དང་སྲ་བརྟན་དེབ་སྐྱེལ། རྒྱལ་སྤྱིའི་སྐྱབས་བཅོལ་ལྟ་རྟོག་ལས་ཁུངས་དང་། ཨ་རི་གཙོས་ཕྱི་རྒྱལ་གཞུང་ཚབ་ཁག་བརྒྱུད་ཞུ་བསྐུལ་རིམ་ཞུས་ཀྱིས་བལ་ཡུལ་ནང་ཡོད་བོད་མི་ཚོར་སྐྱབས་བཅོལ་བའི་ལག་ཁྱེར་གསར་བཟོ་འགོ་འཛུགས་ཐུབ་པ་བྱུང་ཡོད། དེ་རྗེས་བདེ་སྲུང་ལས་ཁུངས་ཀྱི་ཟུང་དྲུང་དུ་བསྐོ་བཞག་དང་། ཕྱི་ལོ་ ༡༩༩༩ ལོར་གཞུང་ཞབས་ཁོངས་སྒྲིག་གསལ་རྒན་ཡོལ་སྔ་བསྣུར་ཞུ་སྩལ་གྱིས་ནང་མིའི་ཟླ་བསྒྲིལ་ཆེད་ཨ་རིར་ཕེབས་རྗེས་ལོ་བདུན་ཙམ་རིང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༨ ལོར་བྱང་ཨ་རིའི་བརྟན་བཞུགས་གྲ་སྒྲིག་ཚོགས་ཆུང་གི་འགན་འཛིན་གྱི་གྲས་དང་། ཕྱི་ལོ་ ༢༠༡༠ ནང་ཝ་ཤིང་ཊོན་མངའ་སྡེའི་སྲིད་སྐྱོང་ནས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁོངས་ཨ་རིའི་གྲངས་ཉུང་མི་རིགས་ཚོགས་ཆུང་གི་ཚོགས་མིར་བསྐོ་གཞག་གི་འགན་འཁུར་བླངས་བ་སོགས་ཁྱོན་མི་ལོ་ ༣༠ ཙམ་རིང་བོད་གཞུང་དམངས་ཀྱི་ཞབས་ཞུ་ལྷག་བསམ་རྣམ་དག་ཞུས་ཏེ་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་མང་པོར་ཆེད་བཅར་གྱིས་བོད་ཀྱི་འདས་པ་དང་ད་ལྟའི་གནས་སྟངས་སོགས་གསལ་རྟོགས་ཀྱིས་ཉམས་མྱོང་ཅན་ཞིག་ཡིན་འདུག་པ་བཅས།།
བཀྲིས་རྣམ་རྒྱལ་ལགས་ཀྱིས་བྱང་ཨ་རིའི་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས་པ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)