༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༤ ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་མཇལ་འཕྲད་ཁང་དུ་ཕྱི་ལོ་ ༢༠༢༢ ལོའི་གོ་ལའི་ཉིན་མོ་དང་བསྟུན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ཅེག་བོད་དོན་རྒྱབ་སྐྱོར་ཚོགས་པ། ཨི་ཊ་ལིའི་ཁོར་ཡུག་སྲུང་སྐྱོབ་ཉམས་ཞིབ་ཁང་ (Eurac Research) བཅས་ཀྱི་གོ་སྒྲིག་འོག་ཉིན་གྲངས་གསུམ་རིང་རྡ་རམ་ས་ལར་ཁོར་ཡུག་གི་ཚོགས་འདུར་བཅར་བའི་ཚོགས་བཅར་བ་རྣམས་ལ་བཀའ་སློབ་དང་དྲི་བ་དྲིས་ལན་མཛད་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་མཇལ་འཕྲད་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་བཞུགས་ཁྲིར་འཁོད་མཚམས་ལ་དྭགས་ནས་ཡིན་པའི་ཁོར་ཡུག་ལས་འགུལ་བ་དང་སློབ་གསོ་བ་བསོད་ནམས་དབང་ཕྱུག་ལགས་ཀྱིས་བོད་མཐོ་སྒང་དུ་གནམ་གཤིས་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་པའི་ཛ་དྲག་དང་འབྲེལ་བའི་ལ་དྭགས་མཁར་གདོང་ལ་ནས་ཁྱེར་བའི་འཁྱགས་རོམ་ཞིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཟིགས་འབུལ་ཞུས་ཡོད། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་གི་ཚོགས་འདུར་བཅར་བའི་ཚོགས་བཅར་བ་རྣམས་ལ་བཀའ་སློབ་སྩལ་དོན།དེ་རིང་ཁ་སང་མི་མང་པོས་ཁོར་ཡུག་གི་སྐོར་ཐུགས་ཁུར་གནང་གི་ཡོད་པས། ངོས་ཀྱིས་རྗེས་སུ་ཡི་རང་ཞུ་ཡི་ཡོད། མཐར་ཐུག་ན་ཆུ་ནི་ང་ཚོའི་འཚོ་རྟེན་གཙོ་བོ་ཆགས་ཀྱི་ཡོད། ང་ཚོར་འབྱུང་འགྱུར་གྱི་ལོ་ཤས་ནང་གཙང་པོའི་འབྱུང་ཁུངས་རྣམས་སྲུང་སྐྱོབ་བྱེད་རྒྱུའི་ལས་འགན་ཡོད། ངོས་རང་སྒེར་གྱི་མི་ཚེ་འདིར་བོད་ནང་གངས་འབབ་ཚད་ཉུང་དུ་འགྲོ་བཞིན་པ་མཐོང་མྱོང་ལ། དེ་བཞིན་གཙང་པོ་ཉུང་དུ་འགྲོ་བཞིན་པའང་མཐོང་མྱོང་། ད་ལྟ་ང་ཚོས་ཆུའི་འབྱུང་ཁུངས་ལ་སྲུང་སྐྱོབ་མང་ཙམ་བྱེད་དགོས། ངོས་ཀྱིས་འཕྲུལ་འཁོར་ལག་རྩལ་གྱིས་ཚྭ་ཆུ་དང་རྒྱ་མཚོའི་ཆུ་རྣམས་གཙང་མ་བཟོས་ཏེ་བྱེ་ཐང་དང་ལོ་ཏོག་འདེབས་སའི་ཞིང་ཁའི་ནང་བེད་སྤྱོད་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད།
ད་ལྟ་ང་ཚོར་འབྱུང་འགྱུར་གྱི་མི་རབས་གསར་པ་རྣམས་ལ་ཆུ་གཙང་མ་ཞིག་ལོངས་སུ་སྤྱོད་དུ་འཇུག་དགོས་པའི་ལས་འགན་ཡོད། འདི་ནི་འབྱུང་འགྱུར་གྱི་མི་རབས་གསར་པ་རྣམས་ལ་སྙིང་རྗེ་སྟོན་སྟངས་ཀྱི་ཐབས་ལམ་ཞིག་ཡིན། ང་ཚོས་ད་ལྟ་ནས་འབད་བརྩོན་མ་ཞུས་པ་ཡིན་ན་འཛམ་གླིང་ཡོངས་བྱེ་ཐང་དུ་འགྱུར་རྒྱུའི་ཉེན་ཁ་ཡོད། དེ་ལྟ་བུའི་ཉེན་ཁ་ཞིག་བྱུང་རྗེས་མཛེས་ཤིང་ཡིད་དུ་འོང་བའི་སྔོན་མདོག་གི་གོ་ལ་ཧྲིལ་པོ་འདི་ཉིད་ཆུ་མེད་པའི་བྲག་རྡོ་དཀར་པོ་ཞིག་ཆགས་སྲིད་པ་རེད། ཆུ་མེད་ན་ང་ཚོ་འཚོ་མི་ཐུབ།ངོས་ཀྱི་རྒྱ་གར་གྱི་གྲོགས་པོ་ཁག་གཅིག་གིས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་ཐབས་ལམ་ཡག་ཤོས་ནི་ལྗོན་ཤིང་གང་མང་འདེབས་འཛུགས་བྱས་པ་ཡིན་ན་ཕན་ཐོགས་འབྱུང་ངེས་ཡིན་པའི་སྐོར་གསུངས་བྱུང་། ངོས་ཀྱི་གྲོགས་པོ་རྒྱ་གར་ཁོར་ཡུག་ལས་འགུལ་བ་སྐུ་ཞབས་སུནྡར་ལལ་བྷ་ཧུ་གུ་ན་ (Sunderlal Bahuguna) ལགས་ཀྱིས་ངོས་རང་ལ་གོ་སྐབས་ནམ་བྱུང་ལ་གང་ཐུབ་ཀྱིས་མང་ཚོགས་ལ་ལྗོན་ཤིང་འདེབས་འཛུགས་དང་ལྗོན་ཤིང་ལ་ལྟ་རྟོག་དགོས་པའི་སྐུལ་མ་བྱེད་དགོས་པའི་ཁས་ལེན་བྱེད་རོགས་ཞེས་གསུངས་ཡོད་སྟབས། ངོས་ཀྱིས་ཁོང་གི་རེ་འདོད་བསྐང་རྒྱུའི་འབད་བརྩོན་ཞུས་དང་ཞུ་མུས་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་བཀའ་འདྲི་ཁག་ལ་བཀའ་ལན་སྩལ་ཡོད་པ་བཅས།།