༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༨ རེས་གཟའ་མིག་དམར་ཉིན་ལྷོ་སྤྱི་གསར་པ་དྲུང་འཕར་འཇིགས་མེད་ཚུལ་ཁྲིམས་ལགས་དང་། དྲུང་ལས་བསྟན་འཛིན་ཟླ་མཛེས་ལགས་རྣམ་གཉིས་དབར་རྩིས་སྤྲོད་རྩིས་ལེན་ལེགས་པར་གྲུབ་མཚམས་དྲུང་འཕར་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ལྷོ་སྤྱིའི་ལས་ཁུར་འགོ་འཛུགས་གནང་ཡོད།
དེ་ཡང་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་ཆེད་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གི་ས་གནས་འགོ་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱི་སྤྲོད་དཔང་གནང་ཡོད།རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སྐབས་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་རྗེས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་དང་། སྦེང་ལོར་ས་གནས་རང་བདེན་ཚོགས་ཆུང་། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ངེས་སྟོན་པ། ས་གནས་ཀྱི་ཚོགས་སྡེ་ཁག་བཅས་ནས་ལྷོ་སྤྱི་གསར་པར་དགའ་བསུའི་འཚམས་འདྲིའི་མཇལ་དར་ཕུལ་ཡོད།མཛད་སྒོ་གྲུབ་རྗེས་ལྷོ་སྤྱི་འཇིགས་མེད་ཚུལ་གྲུབ་ལགས་ཀྱིས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་དང་། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ་ལྷན་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སྟེ་ལས་གཞི་གལ་ཆེ་ཁག་གི་སྐོར་གྲོས་བསྡུར་གནང་ཡོད་པ་བཅས། །