༢༠༡༡ ཟླ་ ༩ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལེ་ཊིན་ཨ་མི་རི་ཁར་ཉིན་བཅུའི་རིང་མཛད་འཕྲིན་བསྐྱངས་པའི་ཉིན་མཐའ་མར་བྷར་ཛིལ་(Brazil)རྒྱལ་ས་སོ་པོ་ལོར(Sao Paulo)མང་ཚོགས་ ༦༥༠༠ བརྒལ་བར་ཀུན་ཁྱབ་འགན་ཁུར་བརྒྱུད་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཡོད། དེ་ཡང་༸གོང་ས་མཆོག་(Convention Center) ཀོན་ཝེན་ཤེན་སེན་ཊར་ཞེས་པའི་ཚོགས་ཁང་དུ་༸ཞབས་སོར་འཁོད་སྐབས་སོ་པོ་ལོའི་གྲོང་ཁྱེརསྤྱི་ཁྱབ་སྐུ་ཞབས་གིལ་བྷར་ཊོ་ཀ་སབ་(Mr.Gilberto Kassab)ལགས་དང། སོ་པོ་ལོའི་ཡེ་ཤུའི་ཆོས་དཔོན་(Dom Odilo Scherer) ལགས། སོ་པོ་ལོ་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་ (Mr.Joao Grandino Rodas) སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་རྗེས་མགོན་པོ་གང་ཉིད་མཆོག་སྡིངས་ཆའི་ཐོག་ཆིབས་སྒྱུར་སྐྱོང་སྐབས་སོ་པོ་ལོའི་སྤྱི་ཁྱབ་གིལ་བྷར་ཊོ་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག་དེར་འདུས་མང་ཚོགས་ལ་མགོན་པོ་གང་ཉིད་མཆོག་ངོ་སྤྲོད་ཞུས། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་ཀུན་ཁྱབ་འགན་འཁུར་བརྒྱུད་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན།
དམག་འཁྲུག་དང་དྲག་གནོན་བེད་སྤྱོད་བྱེད་རྒྱུའི་དུས་ཚོད་ད་ཆ་ཡོལ་ཟིན། འདས་པའི་དུས་རབས་ནང་རྒྱལ་ཁབ་ཕན་ཚུན་འབྲེལ་བ་མ་བྱས་པར་ལོགས་སུ་སྡོད་ཀྱི་ཡོད་པས་སོ་སོའི་ཁྱིམ་མཚེས་རྒྱལ་ཁབ་དེར་དམག་བརྒྱབ་སྟེ་ཕམ་དུ་བཅུག་ན་སོ་སོར་རྒྱལ་ཁ་ཐོབ་པར་ངོས་འཛིན་བྱེད་སྲོལ་ཡོད། འོན་ཀྱང་དེང་སང་ང་ཚོ་ཚང་མ་ཕན་ཚུན་གཅིག་ལ་གཅིག་རྟེན་འོག་སྡོད་དགོས་པའི་གནས་སྟངས་ཆགས་པར་བརྟེན། སོ་སོའི་ཁྱིམ་མཚེས་ལ་གནོད་པ་བསྐྱལ་བ་དེས་སོ་སོ་ལ་གནོད་རྒྱུ་ཞིག་རེད། དུས་རབས་ ༢༡ པ་འདི་བཞིན་ཞི་བདེ་དང་འཆམ་མཐུན། བརྟན་ལྷིང་གི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་ང་ཚོ་ཕན་ཚུན་བསམ་ཚུལ་མི་མཐུན་པའི་དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས། དེ་ལྟར་ཡོང་བར་དུས་རབས་ ༢༡ པའི་ན་གཞོན་ཚོས་ཆ་ཤས་དང་འགན་ཁུར་བླང་སྟེ་ནང་སེམས་ཀྱི་རིན་ཐང་ངམ་བཟང་སྤྱོད་ལ་དོ་སྣང་ཤུགས་ཆེ་བྱེད་དགོས། དེ་བཞིན་ཕན་ཚུན་དབར་ཆོས་ལུགས་དང་ལྟ་གྲུབ་ཀྱི་ཐོག་ནས་བསམ་ཚུལ་མི་མཐུན་པ་ཇི་ཙམ་ཡོད་ཀྱང་མི་གཞན་ལ་གུས་བརྩི་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་་གྲུབ་བསྟུན་མང་ཚོགས་ཀྱི་དྲི་བར་བཀའ་ལན་མཛད།
དེ་ཉིན་ཕྱེད་ཡོལ་༸གོང་ས་མཆོག་གིས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་བསྟི་གནས་ཁང་(World Trade Center)གི་ཚོགས་ཁང་(Golden Hall)དུ་ཆིབས་སྒྱུར་བསྐྱངས་ཏེ་ནང་ཆོས་ནས་གསུངས་པའི་གཞན་ཕན་གྱི་བསམ་བློ་བྱམས་བརྩེའི་སྐོར་(Cultivating Constructive and Positive Emotions) ཞེས་པའི་ཐོག་ལྷན་འཛོམས་བྱུང་བའི་མང་ཚོགས་ ༥༠༠༠ བརྒལ་བར་བཀའ་སློབ་སྩལ་དོན། ཆོས་ཉམས་ལེན་བྱེད་རྒྱུར་དོ་སྣང་མ་བྱས་པར་ཆོ་ག་ཕྱག་ལེན་ཙམ་ལ་ཧ་ཅང་གལ་ཆེན་པོ་བརྩིས་ཏེ་དོ་སྣང་བྱེད་རྒྱུ་དེ་རིགས་མ་བྱས་ན་བཟང་། ཆོས་ལ་སློབ་སྦྱོང་བྱས་ཏེ་ཆོས་ཉམས་ལེན་ཐུབ་རྒྱུར་འབད་བརྩོན་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་ཟབ་མོ་སྩལ་ཡོད། མཛད་སྒོའི་མཐའ་མར་༸གོང་ས་མཆོག་བྷར་ཛིལ་དུ་གདན་ཞུའི་གོ་སྒྲིག་ཞུ་མཁན་ལྕམ་སྐུ་ལི་ཡ་ཌི་སི་ཀིན་(Prof.Lia Diskin) ལགས་ཀྱིས་བྷར་ཛིལ་མི་མང་གི་ཚབ་ཞུས་ཏེ་མགོན་པོ་གང་ཉིད་མཆོག་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་༸གོང་ས་མཆོག་ལོ་རྗེས་མ་སླར་ཡང་ཡུལ་གྲུ་དེར་ཆིབས་སྒྱུར་གནང་སྐྱོང་ཡོང་བའི་སྐྱབས་འཇུག་ཀྱང་ཞུས་ཡོད་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་རྣམས་ལ་ཀུན་ཁྱབ་འགན་ཁུར་བརྒྱུད་ཞི་བདེ་བསྐྲུན་ཐབས་སྐོར་བཀའ་སློབ་སྩལ་བ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)