༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༧ རེས་གཟའ་ཕུར་བུ་ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༩༩ དེ་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་བསྟན་འཛིན་ཀུན་བཟང་ལགས་དང་། སྨན་པ་ཚེ་རིང་མཚམས་གཅོད་ལགས། སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་བཅས་ཀྱིས་སྤེལ་གནང་སོང་།
དེ་ཡང་ཐོག་མར་འཕྲོད་བསྟེན་ཟུང་དྲུང་བསྟན་འཛིན་ཀུན་བཟང་ལགས་ཀྱིས་གསལ་བསྒྲགས་བསྐྱངས་པའི་ནང་གསུང་དོན། བདུན་ཕྲག་སྔོན་མའི་ལས་རིམ་ནང་གནད་དོན་ཁག་གཅིག་ཞུས་པའི་ནང་ནས་མཇུག་སྐྱོང་ཞུ་དགོས་པ་ནི། ད་ལྟ་སིམ་ལ་དང་པུ་རུ་ཝ་ལ་བོད་མིའི་གཞིས་ཆགས་སུ་སྨན་ཞབས་ཐོབ་མ་སོང་། དེར་བརྟེན་མུ་མཐུད་ཐབས་ཤེས་ཞུ་མུས་ཡིན།
མཁྱེན་གསལ་ལྟར་ལོ་གསར་སླེབ་ལ་ཉེ་བར་སོང་། མི་མང་དག་ཅིག་སོ་སོའི་ནང་དུ་ཕྱིར་ལོག་གི་ཡོད་སྟབས། སྔོན་འགོག་གི་ཐབས་ལམ་ཁག་མུ་མཐུད་སྟེན་རོགས། ལྷག་པར་ཆམ་ནད་རིགས་བྱུང་བ་ཡིན་ན། ཟུར་བཀག་ལ་བཞུགས་རྒྱུ་དང་། དུས་ཐོག་སྨན་བཅོས་དང་བརྟག་དཔྱད་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་གསུངས།
དེ་རྗེས་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་ས་གནས་ཁག་ ༡༤ ནང་གི་བོད་མི་གྲངས་ ༡༩༣ རང་ཁྱིམ་དུ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༢༡ བཅས་ཁྱོན་བསྡོམས་བོད་མི་གྲངས་ ༢༡༤ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད། གཞན་ཡང་ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བོད་མི་གནས་སྡོད་ས་གནས་གྲངས་ ༡༦ ནས་བོད་མི་གྲངས་ ༤༢༧ ལ་ཏོག་དབྱིབས་གཉན་རིམས་ཀྱི་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༣ ནས་བཟུང་ད་བར་བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་སྨན་རྩིས་ཁང་གི་མཐུན་འགྱུར་འོག་ཁྱོན་མི་གྲངས་ ༥༧༣༩༠ ལ་གསོ་རིག་ནུས་གསོའི་སྨན་རིན་མེད་བགོ་འགྲེམས་གནང་ཡོད།
དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་ལོ་ན་ ༡༨ ཡན་གྲངས་ ༤༩༨༡༧ ནས་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབ་ཟིན་པ་དང་། མི་གྲངས་ ༤༧༧ ནས་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན། ཕྱོགས་མཚུངས་རྒྱ་གར་ནང་རང་ལོ་ ༡༥ ནས་ ༡༧ བར་གྱི་བྱིས་པ་གྲངས་ ༥༤༤ ནས་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀར་བརྒྱབ་ཟིན་པ་དང་། མི་གྲངས་ ༧༦༩ ནས་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་མ་ཟད། སྨན་པ་དང་འཕྲོད་ལས་པ། མདུན་ཐོན་གདོང་ལེན་པ་བཅས་ཁྱོན་མི་གྲངས་ ༥༨༩ དང་། རང་ལོ་ ༦༠ ཡན་གྱི་རྒན་རྒོན་གྲངས་ ༣༢༨༠ ལ་ནུས་སྤར་སྔོན་ཁབ་བརྒྱབ་ཟིན། གཞན་ཡང་བལ་ཡུལ་ནང་གི་བོད་མི་རང་ལོ་ ༡༨ ཡན་གྱི་མི་གྲངས་ ༦༩༩༠ ནས་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབ་ཟིན་པ་དང་། རང་ལོ་ ༡༨ མན་གྱི་བྱིས་པ་གྲངས་ ༩༩ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀར་ཐོབ་ཟིན་པ་དང་། བྱིས་པ་གྲངས་ ༡༥ ལ་སྔོན་འགོག་སྨན་ཁབ་ཐུན་དང་པོ་ཐོབ་ཡོད། སྨན་པ་དང་འཕྲོད་ལས་པ། མདུན་ཐོན་གདོང་ལེན་པ་བཅས་ཁྱོན་མི་གྲངས་ ༤ དང་། རང་ལོ་ ༦༠ ཡན་གྱི་རྒན་རྒོན་གྲངས་ ༡༡༧ ལ་ནུས་སྤར་སྔོན་ཁབ་ཐོབ་ཡོད།
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་གི་བོད་མི་གྲངས་ ༧༣ ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༣༢ དང་། བུད་མེད་གྲངས་ ༤༡ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ལོ་ ༡༠༡ དང་ཆུང་ཤོས་དེ་བྱིས་པ་མ་སྦྱར་ཟླ་གྲངས་གསུམ་ཡིན།
ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༩༠༦༠ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༨༧༨༩། འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༦༦། ད་ལྟའི་ཆར་རྒྱ་གར་ནང་གསོ་བཅོས་བྱེད་བཞིན་པ་མི་གྲངས་ ༡༠༥ ཡོད། ཅེས་སོགས་གསུངས་གྲུབ་མཚམས་རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་ལམ་སྟོན་གནང་དོན། ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་བཟང་དུ་འགྲོ་གི་ཡོད་པ་མ་ཟད། རྒྱ་གར་ནང་དུའང་གནས་སྟངས་བཟང་དུ་འགྲོ་བཞིན་འདུག རྒྱ་གར་དབུས་གཞུང་ནས་མངའ་སྡེ་སོ་སོར་ཏོག་དབྱིབས་སྔོན་འགོག་དང་འབྲེལ་བའི་དམ་དྲག་ཁག་ཕྱིར་འཐེན་དགོས་པའི་འབོད་སྐུལ་གནང་ཡོད། འདས་པའི་ཆུ་ཚོད་ ༢༤ ནང་རྒྱ་གར་དུ་ནད་གཞི་གསར་པ་ཕོག་མཁན་མི་གྲངས་གསུམ་ཁྲི་བདུན་བརྒྱ་ལྔ་བཅུ་ང་བདུན་བྱུང་འདུག་པ་དང་། ནད་ཡམས་འདི་ལ་བརྟེན་ནས་མི་གྲངས་ལྔ་བརྒྱ་བཞི་བཅུ་ཞེ་གཅིག་འདས་གྲོངས་སུ་གྱུར་འདུག
སྔོན་འགོག་གི་ཐབས་ལམ་ཡག་ཤོོས་ནི་སྔོན་འགོག་གི་སྨན་ཁབ་དེ་ཆགས་ཀྱི་ཡོད་པར་བརྟེན་སྨན་ཁབ་བསྐྱོན་མེད་པ་ཡིན་ན་ངེས་པར་དུ་བསྐྱོན་རོགས། ནད་ཡམས་ཁྱབ་གདལ་ཕྱིན་ནས་ལོ་གཉིས་ལྷག་ཙམ་འགྲོ་ཡི་ཡོད། དུས་ཡུན་དེའི་རིང་མི་མང་དག་ཅིག་ལ་ལུས་སེམས་གཉིས་ཀྱི་ཐོག་ནས་དཀའ་ངལ་ཆེན་པོ་འཕྲད་ཡོད་པར་བརྟེན་ལུས་སེམས་བདེ་ཐང་ཡོང་བར་ལུས་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། ཅེས་སོགས་ཀྱི་ལམ་སྟོན་གནང་སྟེ་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༩༩ དེ་མཇུག་སྒྲིལ་གནང་ཡོད། །