༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཤེས་མྱོང་ལྷག་བསམ་གྱིས་རབ་ཏུ་ཕྱུག་ཅིང་། བོད་དང་བོད་མིར་ལ་ཞེན་དཀར་བའི་རྒྱལ་གཅེས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་། བདེ་སྲུང་ལས་བྱེད་ཟུར་པ་སྐུ་ཞབས་འཕྲིན་ལས་ཕུན་ཚོགས་ལགས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༨ ཉིན་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག
གླིང་བླ་བྲང་གི་ཡིག་འབྲིའི་ཞབས་ཞུ་ཟུར་པ་འཕྲིན་ལས་ཕུན་ཚོགས་ལགས་ནི། ཕྱི་ལོ་ ༡༩༣༣ ཟླ་ ༡༠ ཚེས་ ༧ བོད་ཤིང་ཁྱི་ལོར་ལྷ་ལྡན་ཞིང་མཆོག་ཏུ་ཕ་བསོད་ནམས་སྟོབས་རྒྱལ་དང་མ་དྲུང་ལྷ་མོ་གཉིས་སུ་འཁྲུངས། ཕྱི་ལོ་ ༡༩༤༡ ལོར་རྒྱུད་སྟོད་དྲུང་ཡིག་བློ་བཟང་ཕུན་ཚོགས་ཀྱི་དྲུང་ནས་ཡི་གེ་སློབ་འགོ་བཙུགས། ཕྱི་ལོ་ ༡༩༤༤ ལོར་བོད་གཞུང་གིས་ལྷ་ས་དྲུང་ཆེ་གླིང་ཁར་ཆེད་འཛུགས་ཨིན་ཡིག་སློབ་གྲྭར་སློབ་ཞུགས་བྱས། ཕྱི་ལོ་ ༡༩༤༦ ལོར་ནང་རོང་ཤག་སློབ་གྲྭའི་དགེ་བའི་བཤེས་གཉེན་འཚོ་བྱེད་ལྷུན་གྲུབ་དཔལ་འབྱོར་དྲུང་དུ་ལོ་ཤས་སློབ་སྦྱོང་དང་། དེ་རྗེས་སློབ་གྲྭ་དེར་དངོས་སུ་སློབ་ཞུགས་བྱས་ཏེ་ཕྱི་ལོ་ ༡༩༥༢ བར་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༦༧ ལོར་འཕན་པོ་རྒྱལ་གཉེར་ཞིང་རའི་རྒྱལ་གཅེས་འཐབ་གྲོགས་ཁག་གཅིག་དང་ལྷན་གུང་རྒོལ་ཚོགས་པ་ཞེས་པའི་གསང་བའི་སྒྲིག་འཛུགས་ཤིག་བཙུགས། རྗེས་སུ་གུང་རྒོལ་ཚོགས་པའི་གནས་ཚུལ་ཕྱི་གྱར་བྱུང་བས་ཕྱི་ལོ་ ༡༩༧༠ ལོར་བཙོན་བཅུག་བྱས་ཏེ་བཀག་སྐྱིལ་ཁང་དང་། དམག་སྒར་བཙོན་ཁང་། དགུ་ཚ་བཙོན་ཁང་། ཨུ་ཀྲི་ཏུད་སོགས་སུ་རྒྱ་དམར་གྱི་མནར་གཅོད་དྲག་པོ་མྱོང་དགོས་བྱུང་། ཡང་ཕྱི་ལོ་ ༡༩༧༨ ལོར་རབ་སྒང་མགོན་པོ་བསོད་ནམས་དང་ལྷན་རྒྱལ་གཅེས་ཚོགས་པ་ཞེས་པའི་གསང་བའི་སྒྲིག་འཛུགས་ཤིག་བཙུགས་སྐབས་ཁོང་གིས་ཚོགས་གཙོ་གཞོན་པའི་འགན་འཁུར་ཞུས།
དེ་རྗེས་ཕྱི་ལོ་ ༡༩༨༣ ལོར་འབྲེལ་ཡོད་ཚོགས་མི་འགའ་བཙོན་བཅུག་བྱས་པ་དང་། ཁོང་ཡང་བཙོན་བཅུག་བྱེད་ཉེར་བརྟེན་གཉེན་འཕྲད་འགྲོ་འོང་གི་གོ་སྐབས་བརྒྱུད་ཕྱི་ལོ་ ༡༩༨༤ ཟླ་ ༩ ཚེས་ ༡༤ ཉིན་ལྷ་ས་ནས་ཐོན་ཏེ་འགྲམ་བརྒྱུད་ཟླ་དེའི་ཚེས་ ༡༩ ཉིན་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར། ཕྱི་ལོ་ ༡༩༨༤ ཟླ་ ༡༠ ཚེས་ ༥ ཉིན་རྡ་སར་འབྱོར། ཕྱི་ལོ་ ༡༩༨༥ ལོ་ནས་མུ་མཐུད་རྩ་དོན་བསྒྲུབ་ཐབས་སུ་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་སུ་སྲི་ཞུ་ལས་བྱེད་ཁོངས་འཛུལ་ཞུགས་ཀྱིས་གཞོན་དྲུང་གནས་རིམ་ནས་དྲུང་ལས་བར་སྲི་ཞུ་སྒྲུབ་ནས་བོད་མིའི་རྩ་དོན་སླད་ལེགས་སྐྱེས་མང་པོ་ཕུལ་ཡོད། ཕྱི་ལོ་ ༢༠༠༧ ཟླ་ ༡༢ ཚེས་ ༡༩ ཉིན་ནང་མི་ཟླ་སྒྲིལ་ཐོག་ཨ་རིར་ཕེབས་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་ཞུ་རྒྱུ་དང་། དམ་པ་ཁོང་གིས་བོད་བསྟན་སྲིད་མི་རིགས་དང་བོད་མིའི་སྒྲིག་འཛུགས་བཅས་སུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རང་བསྔགས་བརྗོད་ཞུ་རྒྱུ་དང་། མཆོག་གསུམ་རྒྱལ་བའི་སྤྱན་སྔར་མཆོད་སྤྲིན་དང་བཅས་གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྷུང་རྣམས་བྱང་ཞིང་དག་ཅིང། འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་བཟུང་ཞིང་རྣམ་མཁྱེན་གོ་འཕང་མྱུར་དུ་རེག་པའི་སྨོན་འདུན་ཞུ་རྒྱུ་དང་། ཤུལ་ལུས་སྐུ་ཟླ་ཚེ་རིང་སྒྲོལ་དཀར་དང་ནང་མི་བུ་ཕྲུག་ཉེ་འབྲེལ་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། །