༄༅། །རྒྱ་ནག་སྐམ་ས་ཆེན་པོར་ཡོད་པའི་རྒྱ་མིའི་ཁྲིམས་རྩོད་པ་ཁག་ཅིག་གིས་བོད་མིར་ཁྲིམས་ལུགས་ཀྱི་ཞབས་ཞ་ུགནང་བར་བོད་གཞུང་བཀའ་ཤག་གིས་ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༣ ཉིན་དགའ་བསུ་ཞུ་བའི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་པ་དེའི་ནང་གསུང་དོན། རྒྱ་ནག་སྐམ་ས་ཆེན་མོར་བརྟེན་གཞི་བྱས་པའི་རྒྱ་མིའི་ཁྲིམས་རྩོད་པ་ཁག་ཅིག་གིས་ཕྱི་ཟླ་ ༣ ཚེས་ ༡༠ ནས་ལྷ་ས་དང་དེ་མིན་བོད་ཀྱི་ས་ཁུལ་གཞན་ཁག་ནང་ཞི་བའི་ངོ་རྒོལ་བྱས་པར་རྒྱ་གཞུང་ནས་ཁྲིམས་མེད་ལུགས་མེད་ཀྱིས་འཛིན་བཟུང་བྱས་པ་དང་། བཙོན་འཇུག་བྱས་པའི་བོད་མི་ཚོར་ཁྲིམས་ལུགས་ཀྱི་རོགས་རམ་གནང་རྒྱུ་ཡིན་པ་ཤེས་རྟོགས་བྱུང་བ་དེས་ང་ཚོར་སྙིང་སྟོབས་སྐྱེད་པ་དང་སེམས་སྐུལ་ཆེན་པོ་ཐེབས་བྱུང་། ཁྲིམས་རྩོད་པ་དེ་དག་གིས་འཛིན་བཟུང་བྱས་པའི་བོད་མི་དེ་དག་གི་བདེ་འཇག་ལ་ཐུགས་འཁུར་ཆེན་པོ་གནང་ཐོག འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་རྣམས་ནས་རྩ་ཁྲིམས་ལ་བརྩི་བཀུར་ཞུ་དགོས་པ་དང་། འཛིན་བཟུང་བྱས་པའི་བོད་མི་དེ་དག་ལ་ཁྲིམས་ལུགས་འགྲོ་སྟངས་གཞིར་བཟུང་རྗེས་སུ་འབྲང་སྟེ་དྲི་ཞིབ་བྱེད་དགོས་པ་དང་། མནར་གཅོད་མ་བཏང་བར་ཁྲིམས་མཐུན་གྱི་རང་དབང་ལ་བརྩི་བཀུར་དགོས་པའི་འབོད་སྐུལ་ཞུས་འདུག་པས་ང་ཚོར་ཕྱོགས་མཚུངས་ཀྱིས་བློ་སྤོབས་ཆེན་པོ་སྐྱེས་བྱུང་། རྒྱ་མིའི་ཁྲིམས་རྩོད་པ་ཁོང་རྣམས་ནས་ཐུགས་འཁུར་གྱིས་བོད་མི་དང་དེ་བཞིན་རྒྱ་མི་རིགས་ཀྱི་ཁྲིམས་མཐུན་གྱི་ཐོབ་ཐང་ལ་སྲུང་སྐྱོབ་དང་། སོ་སོའི་རྒྱལ་ཁབ་ཀྱི་མི་མང་གི་གཞི་རྩའི་ཐོབ་ཐང་དྲང་བདེན་དང་ཁྲིམས་མཐུན་གྱི་ངོ་ཚབ་བཀག་འགོག་འོག་འཛིན་བཟུང་བྱས་པའི་བོད་མི་རྣམས་དྲག་གནོན་གྱི་སྲིད་བྱུས་ལས་སྐྱོབ་ཐབས་གནང་བར་བཀའ་ཤག་གིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་པ་རེད།། དབྱིན་ཡིག་ནས་ཕབ་བསྒྱུར་ཞུས།
གསར་གནས།
འབྲེལ་གནས།