༢༠༡༡ ཟླ་ ༩ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༠ རེས་གཟའ་སྤེན་པའི་ཉིན་རྡ་སའི་ཉེ་འགྲམ་ཤཱ་པུར་ཞེས་པའི་གྲོང་དུ་རྒྱལ་སྤྱིའི་ཁྲིམས་ལུགས་རིག་པ་སྨྲ་བའི་མཁས་དབང་གི་ལོ་འཁོར་ལྷན་ཚོགས་ཐེངས་གཉིས་པ་དེ་ཉིན་གསུམ་རིང་ཚོགས་ཡོད། ལྷན་ཚོགས་དེའི་སྐབས་ཉི་ཧོང་དང་ཨོ་སི་ཊོ་ལི་ཡ། བྷར་སིལ། ཌེན་མཀ་གི་གཙོས་འཛམ་གླིང་ཡུལ་གྲུ ༡༡ ཙམ་ནས་ཁྲིམས་ལུགས་མཁས་དབང་ ༡༤༠ ཙམ་མཉམ་ཞུགས་གནང་ཡོད། ཉིན་དང་པོའི་སྐབས་བརྗོད་གཞི་གཙོ་བོ་ནི་ཞི་བདེ་དང་དྲང་བདེན། ཡར་རྒྱས་བཅས་ཡིན་འདུག དེ་ཡང་ལྷན་ཚོགས་ཀྱི་ཉིན་དང་པོ་དབུ་འབྱེད་མཛད་སྒོའི་སྐབས་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་གསུང་བཤད་གནང་དོན།
བོད་མི་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་བོད་དོན་འཐབ་རྩོད་བྱེད་བཞིན་པ་ནི་ཐབས་ལམ་ཕུལ་དུ་བྱུང་བ་ཞིག་ཡིན་པར་བརྟེན་རྒྱལ་ཁ་ཐོབ་རྒྱུར་ང་ཚོར་ཡིད་ཆེས་གཙང་མ་ཡོད། བོད་མི་ཚོས་དྲང་བདེན་རྩོད་བཞིན་ཡོད། ཡར་རྒྱས་བོད་མི་ཚོ་ལའང་དགོས་ཀྱི་ཡོད། འོན་ཀྱང་ཡར་རྒྱས་ལ་ཁ་གཡར་ནས་དྲང་བདེན་རྩིས་མེད་བཏང་བ་དེར་ང་ཚོས་ངོས་ལེན་ནམ་ཡང་བྱ་ཐབས་མེད། དེར་བརྟེན་དྲང་བདེན་ལ་གཞི་བཅོལ་བའི་ཡར་རྒྱས་ཤིག་བྱུང་ན། ང་ཚོས་དགའ་བསུ་དང་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། དེ་རིང་ལྷན་ཚོགས་ཀྱི་དགོས་པའང་དེ་རང་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང།
ཕྱོགས་མཚུངས་ཨོ་སི་ཊོ་ལི་ཡའི་ཁྲིམས་ལུགས་མཁས་དབང་ལྕམ་སྐུ་ཇུ་ལི་ཡན་ཕེ་ལ་ཆར་ལགས་ཀྱིས་རང་གི་ཆེད་རྩོམ་ནང་འཁོད་དོན། དེ་རིང་ཚོགས་འདུའི་བརྗོད་གཞི་འཚེ་མེད་ཞི་བ་དང་བོད་ཀྱི་གནད་དོན་གཉིས་སྤྱིར་བཏང་གི་འབྲེལ་བ་ཞིག་ཆགས་ཡོད། གང་ཡིན་བརྗོད་ན་བོད་མི་ཚོས་འཚེ་མེད་ཞི་བ་དངོས་སུ་ལག་ལེན་གྱི་ཐོག་ནས་རང་དབང་འཐབ་རྩོད་བྱེད་བཞིན་ཡོད་པར་བརྟེན། འཐབ་རྩོད་དེ་དཔང་རྟགས་ཤིག་ཆགས་ཡོད་ཅེས་སོགས་འཁོད་ཡོད།
གཞན་ཡང་ཚོགས་འདུ་གོ་སྒྲིག་གནང་མཁན་རྡ་སར་རྟེན་གཞི་བྱས་པའི་མངའ་སྡེའི་གཙུག་ལག་སློབ་ཁང་གི་ཉེ་བའི་རིག་བདག་སློབ་དཔོན་ཕར་ཀན་ཀ་མར་(Prof.Furqan Qamar)ལགས་ཀྱིས་གསུང་དོན། དེ་རིང་ཚོགས་འདུའི་བརྗོད་གཞི་གཙོ་བོ་དེ་ཞི་བདེ་དང་དྲང་བདེན། ཡར་རྒྱས་ཞེས་པ་ཡིན། བརྗོད་གཞི་འདི་བཞིན་ཁྲིམས་ལུགས་སྨྲ་བ་ཚོར་དེ་ཙམ་སྤྱིར་བཏང་ཞིག་ཆགས་མེད་ནའང་། རྒྱ་གར་ནང་དང་ལྷག་པར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་རྡ་རམ་ས་ལར་བཞུགས་གདན་འཇགས་ཡོད་པར་བརྟེན་བརྗོད་གཞི་འདི་བཞིན་ཆེད་མངགས་བདམས་པ་ཞིག་ཡིན་འདུག་ཅེས་གསུངས། ལྷན་ཚོགས་དང་པོ་དེ་ཉི་ཧོང་དུ་ཕྱི་ལོ་ ༡༩༩༥ ལོར་ཚོགས་ཡོད་པ་བཅས།།