༄༅།།འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༸སྐྱབས་མགོན་འཕྲིན་ལས་ལྷུན་གྲུབ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ལྟར། གཉན་ཡོད་ཐེབས་རྩ་ལྷན་ཁང་གསར་འཛུགས་ཀྱིས་ཚོགས་པ་དེའི་གོ་སྒྲིག་འོག རྒྱལ་སྤྱིའི་རང་བཞིན་ལྡན་པའི་ <<གཉན་ཡོད་གཟེངས་རྟགས་>> ཞེས་པ་ཞིག་ད་ལོ་ནས་བཟུང་ལོ་ལྟར་འབྲེལ་ཡོད་གལ་ཆེའི་མི་སྣ་ཁག་ཏུ་འབུལ་རྒྱུའི་གྲོས་ཆོད་བྱུང་ཡོད་ཅིང་། གཟེངས་རྟགས་དེའི་དམིགས་ཡུལ་གཙོ་བོ་ནི། དེང་སང་འཛམ་གླིང་ས་ཡི་གོ་ལ་འདིར་དཀའ་ངལ་ཕྲད་དང་འཕྲད་བཞིན་པ་སྟེ། ཚ་དྲོད་རྒྱས་ཤིང་གངས་རི་རྣམས་རིམ་པས་བཞུ་ནས་ཁོར་ཡུག་ཐོག་བསམ་ཡུལ་ལས་འདས་པའི་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་པ་དང་། དེ་བཞིན་ཆོས་ལུགས་ནང་ཕན་ཚུན་མཐུན་འབྲེལ་མེད་པའི་སྒོ་ནས་འཛམ་གླིང་ནང་ཞི་བདེ་ལྷིང་འཇགས་མེད་པ་སོགས་ཀྱི་དཀའ་ངལ་ཆེ་ཕྲ་མི་ཉུང་བ་ཞིག་འབྱུང་བཞིན་པར་བརྟེན། ལོ་ངོ་དུ་མའི་སྔོན་ནས་བཟུང་འབྲི་གུང་༧སྐྱབས་མགོན་འཕྲིན་ལས་ལྷུན་གྲུབ་སྐུ་སྒེར་གྱི་ངོས་ནས་ཀྱང་དངོས་ཡོད་གནས་བབས་དང་བསྟུན་ཏེ། ཧི་མཱ་ལ་ཡའི་ས་ཁུལ་ཁག་ཏུ་གངས་ཀྱི་མཆོད་རྟེན་དང་། གངས་རི་བརྫུས་མ་དུ་མ་བཟོ་གནང་བ། དེ་བཞིན་ལྗང་བསྒྱུར་དང་། རང་བསྒྱུར་གྱིས་མཚོན་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་གནང་མཛད་པ། དེ་མཚུངས་ཆོས་ལུགས་ཁག་གི་བླ་ཆེན་ཚོ་དང་ལྷན་དུ་མཇལ་འཕྲད་ཀྱིས་ཛ་དྲག་གི་གནད་དོན་ཁག་ལ་བཀའ་བསྡུར་གནང་བ་སོགས་ཀྱིས་མཚོན་པའི་ལས་འགུལ་དུ་མ་ཞིག་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པ་ལྟར། འཛམ་གླིང་ས་ཡི་གོ་ལ་འདིར་ཆོས་ལུགས་མཐུན་འབྲེལ་དང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་ཕྱག་ལས་གནང་བཞིན་པའི་གནད་ཡོད་མི་སྣ་དུ་མ་ཞིག་ཡོད་པ་རྣམས་ཀྱི་སྤོབས་པ་ཡར་བསྐྱེད་དང་། གུས་བཀུར་ཆེ་མཐོང་ཞུ་བ། དེ་བཞིན་དེ་ལྟ་བུའི་རྣམ་དཀར་གྱི་བྱ་བ་རྣམས་བསྟུད་མར་གནང་སྐྱོང་ཡོང་བའི་འབོད་བསྐུལ་གྱི་ཚུལ་དུ། <<གཉན་ཡོད་གཟེངས་རྟགས་>> ཞེས་པ་ཞིག་ད་ལོ་ནས་བཟུང་ལོ་ལྟར་དབུལ་རྒྱུར་ཐུགས་གཏན་འཁེལ་གནང་བ་རེད། འདི་ལོ་ཕྱི་ལོ་ ༢༠༢༡ ལོའི་གཉན་ཡོད་གཟེངས་རྟགས་དེ་བཞིན་སྡེ་ཚན་གསུམ་གྱི་སྒོ་ནས་གནད་ཡོད་མི་སྣ་གསུམ་ལ་འབུལ་གནང་མཛད་ཡོད་ཅིང་། དེ་ཡང་ཆོས་ལུགས་ཀྱི་དབུ་འཁྲིད་ལ་དབུལ་རྒྱུའི་གཉན་ཡོད་གཟེངས་རྟགས་དང་པོ་དེ་ཧིནྡུའི་བླ་ཆེན་པཱུཇྱ་སྭཱམཱི། ཅིདཱནནྡ། སརསྭཏཱི། ཁོང་ལ་འབུལ་གནང་མཛད་ཅིང་། ཁོང་ནི་འཛམ་གླིང་ནང་ཆོས་ལུགས་མཐུན་འབྲེལ་གྱིས་མཚོན་པའི་ཁོར་ཡུག་དང་འབྲེལ་བའི་ལས་འགུལ་ཁག་ལ་འབད་བརྩོན་ཤུགས་དྲག་གནང་མཁན་གྱི་གལ་ཆེའི་མི་སྣ་ཞིག་ཆགས་ཡོད། གཟེངས་རྟགས་གཉིས་པ་དེ་འགྲོ་བ་མི་རིགས་ཀྱི་བདེ་སྡུག་གིས་མཚོན་པའི་གལ་ཆེའི་ལས་དོན་ཁག་ལ་ཐུགས་སྣང་ཆེན་པོས་ཕྱག་ལས་གནང་མཁན་ཐེ་ཝཱན་ནས་ཡིན་པ་སྐུ་ཞབས་ཧཱར་རེ་ཤཱེང་མཆོག་ལ་འབུལ་གནང་མཛད། དེ་བཞིན་གཟེངས་རྟགས་གསུམ་པ་དེ་ཁོར་ཡུག་ཐོག་ལ་ཕྱག་ལས་ཤུགས་ཆེ་གནང་མཁན་ལ་དྭགས་ནས་ཡིན་པ་སྐུ་ཞབས་མོཧྨཱད་དཱིན་མཆོག་ལ་འབུལ་གནང་མཛད་ཡོད་པ་བཅས་ཀྱི་གསར་འགྱུར་སྙིང་བསྡུས་སུ།།
གསར་གནས།
འབྲེལ་གནས།