༢༠༡༡ ཟླ་ ༩ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་(Vivekananda International Foundation)ཝི་ཝེ་ཀ་ནན་ཌ་རྒྱལ་སྤྱིའི་ཐེབས་རྩས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་མཛད་རྗེས་བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་ཉིན་གྲངས་གཉིས་རིང་གི་བགྲོ་གླེང་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་པའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གདན་ཞུ་གནང་ཡོད།
དེ་ཡང་ལྷན་ཚོགས་དང་མཛད་སྒོར་བཅར་བའི་རྒྱ་གར་གྱི་ཕྱི་སྲིད་དང་འབྲེལ་ཡོད་ལས་བྱེད་ཟུར་པ་ཁག་གཅིག་དང་། དེ་བཞིན་མཁས་དབང་སོགས་ཁྱོན་མི་གྲངས་ ༡༠༠ བརྒལ་བ་འདུ་འཛོམས་བྱུང་བ་རྣམས་ལ་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། རྡ་སར་ཡོད་པའི་ང་ཚོའི་དབུས་བོད་མིའི་སྒྲིག་འཛུགས་དེ་ནི་རྒྱ་གར་གྱི་མང་གཙོའི་ལམ་ལུགས་དང་རིག་གཞུང་གི་རིན་ཐང་འཚེ་མེད་ཞི་བའི་ལྟ་གྲུབ་བཅས་ནས་དཔེ་ལེན་བྱས་པའི་སྒྲིག་འཛུགས་ཤིག་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་མགོན་པོ་གང་ཉིད་མཆོག་མེས་པོ་དམ་པ་གྷན་ངྷིའི་རྗེས་འཇུག་པ་ཞིག་ཡིན་ཞེས་བཀའ་སློབ་ཕེབས་བཞིན་ཡོད་པ་ལྟར་ང་ཚོའི་འཐབ་རྩོད་ཀྱི་གཞི་རྩ་འཚེ་མེད་ཞི་བའི་ཐབས་ལམ་དེ་ཡང་རྒྱ་གར་གྱི་ལྟ་གྲུབ་ནས་དཔེ་བླངས་པ་ཞིག་ཆགས་ཡོད། གལ་སྲིད་ང་ཚོའི་འཐབ་རྩོད་ལ་གྲུབ་འབྲས་སོན་པ་ཡིན་ན། རྒྱ་གར་གྱི་རྩ་ཆེན་རིན་ཐང་དེ་དག་ཙམ་དུ་མ་ཟད། ས་མཚམས་ཀྱི་དཀའ་ངལ་སོགས་ཀྱང་སེལ་གྱི་རེད། གལ་ཏེ་བོད་མིའི་འཐབ་རྩོད་ལ་ལམ་ལྷོང་མ་བྱུང་བ་ཡིན་ན། རྒྱ་གར་ནས་དར་བའི་བོད་ཀྱི་ནང་ཆོས་དང་སྐད་ཡིག་རིག་གཞུང་རྣམས་རྩ་མེད་དུ་འགྲོ་ཉེན་ཡོད། བོད་དེ་འཛམ་གླིང་གི་ས་ཁྲ་ནས་འཇའ་ལྟར་ཡལ་ཕྱིན་ན། རྒྱ་གར་རྒྱལ་ཁབ་དང་མི་རིགས་སོགས་ལ་ཡང་གྱོང་གུན་ཆེན་པོ་ཕོག་རྒྱུ་ཡིན་སྟབས། རྒྱ་གར་ལ་བོད་དེ་བཞིན་ཆབ་སྲིད་ཀྱི་ཐོག་ནས་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པར་བརྟེན། ངས་དེ་རིང་འདི་གར་འདུ་འཛོམས་བྱུང་བ་རྣམས་ནས་བོད་ཀྱི་གནོད་དོན་ཐོག་ཐུགས་ཁུར་ཆེ་ཙམ་བཞེས་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ལྷག་པར་ཝི་ཝེ་ཀ་ནན་ཌ་རྒྱལ་སྤྱིའི་ཐེབས་རྩའི་ངོས་ནས་བགྲོ་གླེང་གོ་སྒྲིག་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་ཡང་ལོ་རེའི་མཚམས་སུ་མུ་མཐུད་ནས་དེ་ལྟར་ཚོགས་ཐབས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་བཞིན་ང་རང་ཁྱིམ་ཚང་དཀྱུས་མ་ནས་ཡིན་ཞིང་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་མི་ཞིག་ཡིན། བཀའ་ཁྲི་དམ་འབུལ་མཛད་སྒོའི་ཐོག་ང་ཚོའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་བཞེངས་ཐོག་ངར་དགའ་བསུའི་འཚམས་འདྲི་མཛད་པ་དེ་ནི་ངས་དམིགས་བསལ་ཅན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ལྷག་པར་སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་རྒྱུན་རིང་ནས་བཅངས་པའི་རེ་དོན་གྲུབ་སོང་ཞེས་བཀའ་སློབ་ཕེབས་ཡོད། དེར་བརྟེན་༸གོང་ས་མཆོག་གི་ཐུགས་དགོངས་གཞི་བཟུང་ང་ཚོ་བོད་མི་ཚོས་ཡང་དག་པའི་མང་གཙོའི་ལམ་སྲོལ་དེའི་འོག་བོད་ཀྱི་བདེན་པའི་འཐབ་རྩོད་མུ་མཐུད་རྩོད་ལེན་བྱེད་རྒྱུ་དེ་ཡིན། སྤྱིར་བཏང་བོད་མི་ཚོར་སོ་སོའི་རྒྱལ་ཁབ་དང་མི་རིགས་ལ་སྙིང་སྟོབས་དང་ལ་རྒྱ་ཆེན་པོ་ཡོད། དེ་བཞིན་དེང་སྐབས་གཞོན་སྐྱེས་ཚོར་དམིགས་བསལ་གྱི་འགན་ཞིག་ཡོད་པར་བརྟེན། རྒྱ་གར་གཙོ་བོར་གྱུར་བའི་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་འོག་བོད་ལ་རང་དབང་མྱུར་དུ་ཡོང་བ་དང་༸གོང་ས་མཆོག་བོད་ལ་གདན་ཞུ་ཐུབ་པའི་ཡིད་ཆེས་བྱེད་བཞིན་ཡོད། ཅེས་གསུང་བཤད་གནང།
དེ་ནས་རྒྱལ་སྤྱིའི་ཐེབས་རྩའི་འགན་འཛིན་(Dr Ajit Doval) མཆོག་གིས་ཀྱང་རྒྱ་གར་གཞུང་དམངས་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་དྲན་བསྐུལ་གྱི་གསུང་བཤད་གནང་ཡོད། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས། ཝ་ཎ་མཐོ་སློབ་ཀྱི་སློབ་དཔོན་ངག་བསམ་གཏན་ལགས་ཀྱིས་གཙོས་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་གིས་ཀྱང་བགྲོ་གླེང་ཐོག་གསུང་བཤད་གནང་ཡོད་པ་བཅས། །
བཀའ་ཁྲི་མཆོག་གིས་བོད་དེ་རྒྱ་གར་ལ་ཆབ་སྲིད་ཐོག་ནས་གནད་འགག་ཆེན་པོ་ཆགས་ཡོད་སྐོར་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།