༄༅། །འདི་གར་བལ་ཡུལ་རྒྱལ་འཕགས་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་བཀའ་དྲུང་ཡིག་ཚང་ནས་ལས་བྱེད་གནས་སྤོས་གསལ་བསྒྲགས་དགོངས་དོན་འཇོ་ཁེལ་ས་གནས་འགོ་འཛིན་དང་ཚབ་གསར་གཉིས་དབར་རྩིས་སྤྲོད་རྩིས་ལེན་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༧ ནས་དངོས་སུ་འགོ་འཛུགས་གནང་རྒྱུ་དེ་ལྟར་ཡང་། ས་གནས་འགོ་འཛིན་ཚབ་གསར་བལ་ཡུལ་དོན་ཁང་གི་དྲུང་ལས་བཀྲ་ཤིས་ཚེ་བརྟན་ལགས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༦ ནས་གནས་སྐབས་རིང་གཅིག་ལྕོགས་དང་ལས་བཅར་ཞུ་དགོས་པའི་བཀའ་ཕེབས་དོན་ལྟར། དེ་ཉིན་གྱི་ཉིན་རྒྱབ་ནས་དངོས་སུ་རྩིས་སྤྲོད་རྩིས་ལེན་འགོ་འཛུགས་གནང་ཡོད་པ་དེ་བཞིན་ཚེས་ ༧ ཉིན་ཡང་མུ་མཐུད་སྩིས་སྤྲོད་ལེན་དང་ཚེས་ ༨ ཉིན་ནང་སྲིད་ལས་ཁུངས་ཀྱི་སྤྲོ་དཔང་དབུ་བཞུགས་ཐོག་ས་གནས་འགོ་འཛིན་གསར་རྙིང་གཉིས་དབར་ཞབས་སྟེགས་བརྗེ་ལེན་དང་།
དེ་རྗེས་བཟོ་གྲྭའི་ཚོགས་ཁང་ནང་མི་མང་འདུ་འཛོམས་ཐོག་ས་གནས་འགོ་འཛིན་རྙིང་པ་ནས་ལས་དོན་མཇུག་སྐྱོང་ཁག་གསལ་བཤད་གནང་ཡོད། དེ་བཞིན་ནང་སྲིད་སྐུ་ཚབ་སྤྲོད་དཔང་ནས་རྩིས་སྤྲོད་ལེན་ཀྱི་ལས་དོན་ཁག་གྲུབ་པའི་སྐོར་དང་ཚབ་གསར་ས་གནས་འགོ་འཛིན་གྱིས་འཚམས་འདྲིའི་གསུང་བཤད་གནང་རྗེས་རྩིས་སྤྲོད་ལེན་གྱི་ལས་དོན་མཐའ་དག་ལེགས་གྲུབ་བྱུང་བ་བཅས། །