༢༠༡༡ ཟླ་ ༩ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༧ ཉིན་བཏང་གནས་ནང་འཁོད་དོན། རྔ་པ་རྫོང་སྤྲོ་ཚིགས་ཞང་ཀ་ཉག་སྡེ་བའི་བར་མ་ཚང་གི་དཔལ་འབྱོར་ལགས། རང་ལོ་ ༣༨ ཡིན་པ་ཁོང་ཕྱི་ཟླ་ ༣ ཚེས་ ༢༠ ཡས་མས་སུ་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་འདུག་ལ། ཁོང་གསུམ་པའི་བཅུ་དྲུག་གི་མི་མང་ཡར་ལངས་སྐབས་མཉམ་ཞུགས་བྱས་པའི་ཉེས་མིང་གཡོགས་ནས་འཛིན་བཟུང་བྱས་པ་ཡིན་ཞིང༌། རྗེས་སུ་ཤེས་རྟོགས་བྱུང་བར་ཁོང་ལ་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་སི་ཁྲོན་གྱི་མེན་ཡངས་ཞེས་པའི་ས་གནས་ཀྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་འདུག ཁོང་གི་ཕ་མིང་ལ་རྒྱ་མཚོ་ཞུ་བ་སྔ་མོ་ནས་འདས་ཟིན། མ་མིང་ལ་སྒྲོན་མཚོ་ཞུ་བ་སྙིང་གི་ན་ཚ་ཡོད་སྟབས་ཁོང་འཛིན་བཟུང་བྱས་པ་ནས་ཟླ་བ་གསུམ་ལྷག་རིང་ཁོང་འཛིན་བཟུང་བྱས་པའི་སྐོར་གསང་བ་བྱས་ཏེ་ཤེས་སུ་བཅུག་མི་འདུག ཁོང་གི་ཁྱིམ་དུ་འཚོ་བའི་ཡོང་ཁུངས་གང་ཡང་མེད་པའི་བཟའ་ཟླ་དང་ཕྲུ་གུ་གཉིས་བཅས་ནང་མི་གསུམ་ཡོད་འདུག
དེ་བཞིན་རྔ་པ་རྫོང་སྤྲོ་ཚིགས་ཞང་བསེ་སྐོར་སྡེ་བའི་བསེ་སྲིབ་ཚང་གི་ཀིརྟི་དགོན་པའི་དགེ་འདུན་ཚེ་ཁོ་ལགས། རང་ལོ་ ༣༠ ཕ་མིང་ལ་འཇང་ཁོ་ཡིན་པ་ཁོང་དང༌། རྔ་པ་རྫོང་བློན་ཚང་ཞང་རབ་རྒྱས་ཚང་གི་རྔ་པ་ཀིརྟི་དགོན་པའི་དགེ་འདུན་རྡོ་རྗེ་ལགས། རང་ལོ་ ༡༦ ཡིན་པ་ཁོང་གཉིས་སྔ་ཕྱིར་འདི་ལོའི་ཕྱི་ཟླ་ ༤ ཚེས་ཤར་ཙམ་ལ་འཛིན་བཟུང་གིས་བཀག་ཉར་བྱས་ཏེ་ད་བར་ཞིབ་ཕྲའི་གནས་ཚུལ་གསལ་པོ་གང་ཡང་ཤེས་རྟོགས་བྱུང་མེད་པ་དང༌། ད་ལྟ་ཡང་ཐག་གཅོད་གང་ཡང་མ་བྱས་པར་མུ་མཐུད་བཀག་ཉར་བྱས་ཡོད་འདུག
གཞན་ཡང་འདི་ལོའི་གསུམ་པའི་བཅུ་དྲུག་གི་རྗེས་སུ་འཛིན་བཟུང་བཀག་ཉར་བྱས་ཤིང་ད་ལྟ་ཡང་ཐག་གཅོད་མ་བྱས་པར་མུ་མཐུད་བཀག་ཉར་འོག་ཡོད་པ། ཕྱི་ཟླ་ ༤ ཚེས་ ༢༢ སྔོན་ལ་འཛིན་བཟུང་བྱས་པའི་རྨ་ཆུ་རྫོང་ཁྲོ་ཁོ་སྨད་མའི་སྤྲུལ་སྐུ་ནོར་བུའི་བུ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་བློ་བཟང་འཇིགས་མེད་ལགས། རང་ལོ་ ༣༠ ཕྱི་ཟླ་ ༦ པའི་སྔོན་ལ་འཛིན་བཟུང་བྱས་པའི་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཨོ་རྒྱན་ཚེ་རིང་གི་ཀིརྟི་དགོན་པའི་དགེ་འདུན་དགེ་འཕེལ་ལགས། རང་ལོ་ ༢༣ ཕྱི་ཟླ་ ༤ ཚེས་ ༡༢ ཉིན་བསྐྱར་དུ་འཛིན་བཟུང་བྱས་པའི་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཇ་རུ་ཚང་གི་ཀིརྟི་དགོན་པའི་དགེ་འདུན་བློ་བཟང་དར་རྒྱས་ལགས། རང་ལོ་ ༢༢ ཕྱི་ཟླ་ ༣ ཚེས་ ༡༩ ཉིན་རང་ཁྱིམ་ནས་འཛིན་བཟུང་བྱས་པའི་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་ཚང་གི་དགེ་རིག་ལགས་(མི་སྐྱ་) རང་ལོ་ ༦༠ ཕྱི་ཟླ་ ༣ ཚེས་ ༡༦ ཉིན་འཛིན་བཟུང་བྱས་པའི་རྔ་པ་རྫོང་སྤྲོ་ཚིགས་ཞང་སྤྲོ་ཚིགས་སྡེ་བའི་བཀྲ་རྒྱལ་ཚང་གི་སྐལ་བཟང་ལགས་(མི་སྐྱ༌) རང་ལོ་ ༤༡ ཡིན་པ་ཁོང་རྣམས་ཡིན་ཞིང༌། དེ་དག་ནི་འདི་ནས་ཤེས་རྟོགས་བྱུང་བ་ཙམ་ཡིན་པས་དེ་ལས་མང་པོ་ཞིག་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ རྗེས་སུ་འཛིན་བཟུང་བཀག་ཉར་བྱས་ཤིང་ཐག་གཅོད་གང་ཡང་མ་བྱས་པར་མུ་མཐུད་བཀག་ཉར་འོག་དཀའ་སྡུག་མནར་གཅོད་མྱོང་བཞིན་ཡོད་སྲིད་པ་བཅས། །
རྒྱ་གཞུང་གིས་དགེ་འདུན་དཔལ་འབྱོར་ལགས་སུ་ལོ་གསུམ་གྱི་ཁྲིམས་ཐག་བཅད་པ་དང་བོད་མི་ཁག་གཅིག་འཛིན་བཟུང་བཙན་འཇུག་བྱས་ཏེ་སྡུག་སྦྱོང་གཏོང་བཞིན་པ།
གསར་གནས།
འབྲེལ་གནས།