༢༠༡༡ ཟླ་ ༩ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢ རེས་གཟའ་པ་སངས་ཉིན་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་ལྷོ་སྤྱི་ལས་ཁུངས་ཀྱིས་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་མང་གཙོའི་དུས་དྲན་ཐེངས་ ༥༡ སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཀར་ཎ་ཊ་ཀ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་ཨེམ་ཝི་ར་ཇཱ་ཤེ་ཁ་རན་(Mr.M.V.Rajashekaran)མཆོག་དང་། རྙིང་མའི་སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས། དེ་བཞིན་ས་གནས་བོད་མི་བཅས་ཚང་འཛོམས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་གི་དྲུང་དུ་སྣང་གསལ་ཞལ་ཕྱེ་གནང། དེ་རྗེས་ལྷོ་སྤྱི་བཀྲིས་ཕུན་ཚོགས་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོར་མང་གཙོའི་ལམ་བཟང་གསོལ་སྩལ་རྗེས་རིམ་བཞིན་ཚད་དང་ལྡན་པའི་མང་གཙོའི་ལམ་བཟང་ཐོག་བཅོས་བསྒྱུར་མཛད་མཐར་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲི་ལ་མགོན་པོ་གང་ཉིད་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་མཛད་ཡོད། དེ་རིང་ང་ཚོས་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༡ འཁོར་བའི་དུས་དྲན་གྱི་ཉིན་མོ་སྲུང་བརྩི་ཞུ་བཞིན་པའི་སྐབས་འདིར་༸གོང་ས་མཆོག་གིས་བོད་མི་ཚོ་ཡང་དག་པའི་མང་གཙོའི་ལམ་བཟང་ཐོག་ཁྲིད་ཆེད་ཐུགས་བརྩོན་མཛད་པའི་མཛད་རྗེས་ལ་ང་ཚོས་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་མ་ཟད། རྒྱ་གར་གཞུང་མང་གཉིས་ཀྱི་གཙོས་འབྲེལ་ཡོད་ཚོགས་སྒེར་སུ་རུང་གིས་རྒྱ་གར་ནང་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་འདི་བཞིན་ཡར་རྒྱས་དང་སྲ་བརྟན་ཡོང་རྒྱུར་མཐུན་འགྱུར་རོགས་རམ་གནང་བར་བཀའ་དྲིན་རྗེ་དྲན་ཞུ་རྒྱུ་དང་། ལྷག་པར་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་གཞུང་མང་གཉིས་ལ་ང་ཚོས་བཀའ་དྲིན་རྗེས་དྲན་མཚོན་སླད་སྐུ་ཞབས་ཨེམ་ཝི་ར་ཇཱ་ཤེ་ཁ་རན་མཆོག་དེ་རིང་གི་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུ་བྱས་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང།
དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། ཕྱི་ལོ་ ༡༩༦༨ ལོར་ཧོལ་ལན་ཌིའི་རྒྱལ་སྲས་བྷར་ན་ཌིའི་(Prince Bernard of Holland) རོགས་རམ་འོག་ཀར་ཎ་ཊ་ཀ་མངའ་སྡེའི་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་ཡར་རྒྱས་གཏོང་ཆེད་་(Mysore Rehabilation Development Agency)ཞེས་པའི་ཚོགས་པ་ཞིག་གསར་འཛུགས་གནང་བ་དེའི་ཚོགས་གཙོ་དང་པོ་ཁོང་གིས་གནང་ཡོད་པ་མ་ཟད། ཁོང་གིས་འདི་ལོའི་ཕྱི་ཟླ་ ༡ ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀར་ཎ་ཊ་ཀ་མངའ་སྡེའི་ནང་གདན་འདྲེན་ཞུས་ཏེ་ཀར་ཎ་ཊ་ཀ་མངའ་སྡེའི་བློན་ཆེན་དང་པོ་སྐུ་ཞབས་ནི་ཅི་ལིང་གྷ་པ་དམ་པ་ཁོང་གི་དྲན་རྟེན་ཚོགས་ཁང་(National Nijalingappa`s Memorial Foundation)གསར་པར་རབ་གནས་དབུ་འབྱེད་མཛད་སྐོར་སོགས་ཀྱི་གསུང་བཤད་གནང། དེ་བཞིན་ཁོང་གིས་བོད་མི་ཚོ་དང་ལྷན་མཐུན་སྒྲིལ་གོང་བུ་ཆིག་སྒྲིལ་ཐོག་གནས་རྒྱུ་དེ་བོད་མི་ཙམ་མ་ཟད། ཀར་ཎ་ཊ་ཀའི་མི་མང་ཚོ་ལའང་འཆམ་མཐུན་དང་ཞི་བདེ་བག་ཕེབས་ཀྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་ཕན་ཐོགས་ཡོད་སྐོར་གསུངས།
ཕྱོགས་མཚུངས་སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་ཀྱིས་ཀར་ཎ་ཊ་ཀ་མངའ་སྡེའི་གཞུང་མང་གཉིས་ཀྱིས་ད་བར་བོད་མི་ཚོར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་མཛད་སྐོར་ཞིབ་ཕྲ་གསལ་བཤད་གནང་ཡོད་པ་བཅས།།