༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༦ ཉིན་བེལ་ཇི་ཡམ་ས་གནས་མདོ་སྨད་ཆོལ་ཁའི་རྒྱུན་ལས་ཁང་གིས་བེལ་ཇི་ཡམ་གྱི་ཤར་ཕྱོགས་གྲོང་ཁྱེར་ལིའུ་ཝན་ (Leuven) ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་དྲུག་ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་འདིའི་ལོའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ད་བར་ཕྱིར་འགྱངས་བྱ་དགོས་བྱུང་ཡོད།
དེ་ཡང་གོང་ཚེས་ཉིན་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིའི་སྟེང་གདན་འདྲེན་ཞུས་རྗེས་བེལ་ཇི་ཡམ་ས་གནས་མདོ་སྨད་ཆོལ་ཁའི་རྒྱུན་ལས་ཁང་གི་འགན་འཛིན་སྐལ་བཟང་ལགས་ཀྱིས་བེལ་ཇི་ཡམ་ས་གནས་མདོ་སྨད་ཆོལ་ཁའི་མི་མང་ཡོངས་ལ་དྲན་སྐུལ་གྱི་ཚུལ་དུ་བེལ་ཇི་ཡམ་ས་གནས་མདོ་སྨད་ཆོལ་ཁའི་རྒྱུན་ལས་ཁང་གི་ངོས་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་ཤར་སྐྱོད་དང་། བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུ་ཡིན་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་དང་སྲིད་བྱུས་ཁག་ལག་བསྟར་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དང་། བེལ་ཇི་ཡམ་ས་གནས་མདོ་སྨད་ཆོལ་ཁའི་བོད་མི་རྣམས་ཀྱི་བདེ་དོན་ཆེད་དུ་ཞབས་འདེགས་གང་ཐུབ་ཞུ་རྒྱུའི་དམིགས་ཡུལ་སོགས་ཀྱི་སྐོར་གསུངས།སྐུ་མགྲོན་གཙོ་བོ་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་མཛད་སྒོར་ཕེབས་པའི་མི་མང་ཡོངས་ལ་རྒྱ་ནག་དམར་ཤོག་གཞུང་གིས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ཚོད་ཁག་པོ་ཞིག་གི་འོག་ནས་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་ཏེ་བོད་མི་རྣམས་ཀྱི་ཆེད་དུ་སྐུ་ངལ་འཛེམས་མེད་ཐོག་མཛད་འཕྲིན་རླབས་ཆེན་བསྐྱངས་གནང་མཛད་པའི་སྐོར་དྲན་གསོ་དང་། དེང་སང་བོད་པའི་གཞོན་སྐྱེས་རྣམས་ལ་དེང་རབས་ཤེས་ཡོན་ཐོབ་ཡོད་སྟབས། ཁ་ནས་བཤད་པ་ཙམ་མིན་པར་བོད་དོན་སླད་ལྷག་བསམ་རྣམ་དག་གིས་འགན་འཁུར་འཕར་མ་གནང་དགོས་པ་སོགས་ཀྱི་སྐོར་གསུངས་རྗེས་མཛད་སྒོ་གོ་སྒྲིག་ཚོགས་ཆུང་གིས་རེ་སྐུལ་ཞུས་པ་ལྟར་བེལ་ཇི་ཡམ་ས་གནས་མདོ་སྨད་ཆོལ་ཁའི་རྒྱུན་ལས་ཟུར་པ་རྣམས་ལ་ཕྱག་འཁྱེར་རེ་གནང་ཡོད། ༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་བེལ་ཇི་ཡམ་ས་གནས་ཀྱི་བོད་པའི་ཕྲུ་གུ་རྣམས་ཀྱིས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད། ཐེངས་འདིའི་མཛད་སྒོའི་ཐོག་བོད་མི་ཁྱོན་མི་གྲངས་ ༣༠༠ ཙམ་མཉམ་ཞུགས་གནང་སྟེ་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་དེ་བཞིན་དོན་ཕན་ལྡན་པ་ཞིག་བྱུང་ཡོད་པ་བཅས།།