༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༩ ཉིན་ནི་དར་ལེནྜ་གཞུང་གིས་ཡུ་རོབ་ཀྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཚེ་རིང་བྱམས་པ་ལགས་ལ་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་མཐོར་སྤེལ་བར་ངོས་འཛིན་དུ་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་གྲགས་ཅན་ (The Order of Orange-Nassau) ཞེས་པ་ཞིག་གནང་ཡོད། ཚེ་རིང་བྱམས་པ་ལགས་ཡུ་རོབ་ཀྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤྱི་ཁྱབ་འགན་འཛིན་ནས་རྒན་ཡོལ་དུ་ཕེབས་པའི་མཛད་སྒོ་ཞིག་ནི་དར་ལེནྜའི་རྒྱལ་ས་ཨམ་སི་ཊར་ཌམ (Amsterdam) དུ་ཚོགས་ཡོད་པ་དང་། སྐབས་དེར་ནི་དར་ལེནྜའི་ (Utrecht) ཞེས་པའི་གྲོང་སྡེའི་སྤྱི་ཁྱབ་ལྕམ་སྐུ་ཞ་རོན་ (Sharon Dijksma ) ལགས་ཀྱིས་ཚེ་རིང་བྱམས་པ་ལགས་ལ་ནི་དར་ལེནྜའི་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་གྲགས་ཅན་དེ་གནང་ཡོད། ཚེ་རིང་བྱམས་པ་ལགས་ནི། ནི་དར་ལེནྜ་གཞུང་གི་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་ཐོབ་མཁན་བོད་མི་ཆེས་ཐོག་མ་དེ་ཆགས་ཡོད། མཛད་སྒོའི་ཐོག་ཚེ་རིང་བྱམས་པ་ལགས་ཀྱིས་བོད་མི་ས་ཡ་དྲུག་གི་ཚབ་ཞུས་ཏེ་ནི་དར་ལེནྜའི་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་དེ་བཞེས་གནང་བ་དང་འབྲེལ་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་གྲགས་ཅན་དེ་ལྟ་བུ་ཞིག་ཐོབ་པ་ནི་གཙོ་བོ་སྔོན་དང་ད་ལྟའི་ལས་རོགས་རྣམས་ཀྱིས་སྐུ་ལས་བསྐྱོན་པའི་ཉེར་ལེན་ལ་བརྟེན་ནས་བྱུང་ཡོད་སྐོར་གསུངས། ཡུ་རོབ་ཀྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇན་ཨན་ཌར་སན་ (Jan Anderson) ལགས་དང་ལྷན་དུ་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ལྷན་བཅར་གྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཚན་རྟགས་བསྐྱོན་པའི་སྐུ་ཐང་ཞིག་ཚེ་རིང་བྱམས་པ་ལགས་ལ་ཕུལ་ཡོད།རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་ཞིང་གཤེགས་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གི་ལམ་སྟོན་འོག་ཚེ་རིང་བྱམས་པ་ལགས་དང་ཁོང་གཉིས་ཀྱིས་བོད་དོན་སླད་དུ་ཕྱག་ལས་གནང་བའི་མྱོང་ཚོར་དྲན་གསོ་དང་སྦྲགས་གསུང་བཤད་གནང་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཚེ་རིང་བྱམས་པ་ལགས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར་བོད་དོན་སླད་དཔེ་མཚོན་ལྡན་པའི་ཕྱག་ལས་ཧུར་ཐག་གནང་བ་ངོས་འཛིན་དུ་ཆེ་བསྟོད་ཀྱི་ཡི་གེ་ཞིག་གནང་བ་དེ་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་སྒྲོགས་སྦྱང་གནང་ཡོད། མཛད་སྒོར་མཱ་སི་ཊི་རི་ཊི་ (University of Maastricht) མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་ཧྥི་ལིན་ཊར་མན་ (Cees Flinterman) ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་བསྐྱར་གསོ་སྐོར་གསུང་བཤད་གནང་གྲུབ་མཚམས་ཚེ་རིང་བྱམས་པ་ལགས་ཀྱིས་གསུང་བཤད་གནང་ཡོད།
སྐབས་དེར་ཚེ་རིང་བྱམས་པ་ལགས་ཀྱིས་ཚང་མས་བོད་དོན་ལས་འགུལ་དང་། ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གསར་པ་བཀྲས་མཐོང་དབང་པོ་ལགས་ཀྱི་ཕྱག་ལས་ཚགས་ཚུད་ཡོང་བར་རྒྱབ་སྐྱོར་གནང་དགོས་པ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད། ནི་དར་ལེནྜའི་བོད་པའི་ཕྲུ་གུ་རྣམས་ཀྱིས་ཚེ་རིང་བྱམས་པ་ལགས་ལ་ཆེ་བསྟོད་ཀྱི་གཞས་སྣ་གཟིགས་འབུལ་ཞུས་རྗེས་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གསར་པ་བཀྲས་མཐོང་དབང་པོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས།།