༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨི་ཊ་ལཱི་ཁུལ་གྱི་མཛད་རིམ་ཁག་ལེགས་པར་གྲུབ་རྗེས་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༣༡ རེས་གཟའ་ཉི་མའི་ཉིན་རྒྱབ་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་ཕེབས་འབྱོར་སྐབས་སུད་སི་དང་ལིག་ཊེན་ཚིན་བོད་རིགས་མི་མང་གི་ཚོགས་གཙོ་དང་ཚོགས་གཞོན་གཙོས་པའི་རྒྱུན་ལས། ས་གནས་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ་དང་། ཉེ་འཁོར་གྱི་ས་གནས་བོད་མི་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་བཅས་རྣམ་གཉིས་ལྷན་བཅར་ཞུས་ཡོད།དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གི་སུད་སི་ནང་གི་མཛད་འཆར་གཙོ་ཆེ་ཁག་ནི། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡ དང་ ༢ བཅས་ཉིན་གྲངས་གཉིས་རིང་སུད་སི་གྲོང་ཁྱེར་ཇི་ནི་ཝར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་སུད་སི་སྐུ་ཚབ་དོན་ཁང་གཉིས་ཟུང་སྦྲེལ་ཐོག་ཕྱི་ལོ་ ༢༠༢༡ ལོའི་ཇི་ནི་ཝ་བོད་དོན་གླེང་སྟེགས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་བཅས་ཀྱི་རང་དབང་ཁག་རྡོག་རོལ། (Geneva Forum-2021: Forum on Economic, Social and Cultural Rights Violation by China) ཞེས་པའི་ལྷན་ཚོགས་སུ་མཉམ་ཞུགས་གནང་རྒྱུ་དང་།གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་སྐུ་ཚབ་ལས་ཁུངས་ཀྱི་མི་སྣ་དང་། སུད་སི་གྲོས་ཚོགས་འཐུས་མི། བོད་དོན་རྒྱབ་སྐྱོར་བ་སོགས་ཐུག་འཕྲད་དང་། བོད་དོན་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཁག་ལ་གསུང་བཤད་གནང་རྒྱུ། གསར་འགོད་པའི་བཅར་འདྲི་ལས་རིམ་ནང་མཉམ་ཞུགས། དེ་བཞིན་སུད་སི་ནང་གི་བོད་མི་དང་ཐུག་འཕྲད་དང་། ཁྱད་པར་དུ་དང་བླངས་བོད་ཀྱི་ཞུ་གཏུག་ལས་འགུལ་དབུ་འབྱེད་གནང་རྒྱུ་སོགས་ཀྱི་ལས་རིམ་ཡོད། ཕྱི་ཟླ་ ༡༠ ཚེས་ ༣༡ ནས་འགོ་འཛུགས་ཀྱི་ཕྱི་ཟླ་ ༡༡ ཚེས་ ༦ བར་སུད་སི་གྲོང་ཁྱེར་ཇི་ནི་ཝ་དང་རྒྱལ་ས་བྷན། ཛུ་རིག་བཅས་ཀྱི་ནང་མཛད་འཆར་ཡོད། སྤྱིར་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༩ ཉིན་རྒྱ་གར་བྱང་ཤར་ཀ་རྡོར་སྒང་གསུམ་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༢༧ ཉིན་ནས་ཡོ་རོབ་ཁུལ་གྱི་ལས་རིམ་ཁག་དབུ་འཛུགས་གནང་ཡོད། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཐེངས་འདིའི་ཡོ་རོབ་ནང་གི་ཕྱོགས་ཕེབས་དེ་བཞིན་ཕྱི་རྒྱལ་ནང་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་དང་པོ་ཆགས་ཀྱི་ཡོད་པ་བཅས། །