༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༩ ཉིན་ཨི་ཊ་ལཱིའི་རྒྱལ་ས་རོམ་ (Rome) དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པ་ (Inter Parliamentary Alliance on China) ཞེས་པའི་ཚོགས་འདུར་མཉམ་ཞུགས་གནང་ཡོད། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་དང་། རྒྱལ་ཁབ་ཁག་གི་གཞུང་ཚབ་མི་སྣ། མཁས་དབང་སོགས་ཐེངས་འདིའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ཚོགས་འདུར་མཉམ་ཞུགས་གནང་ཡོད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ཚོགས་འདུའི་སྟེང་མཉམ་ཞུགས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་དང་། ཡུ་གུར། ཐའེ་ཝན། ཧོང་ཀོང་མི་རིགས་སོགས་ཀྱི་ཐོག་དྲག་གནོན་བྱེད་བཞིན་པའི་སྐོར་གླེང་སློང་དང་། དུས་རབས་ཉེར་གཅིག་པའི་ནང་དབང་ཤེད་རིང་ལུགས་རྩ་བ་ནས་ཡོང་ཐབས་མེད་པ། འཛམ་གླིང་གི་རྒྱལ་ཁབ་ཚང་མ་གཅིག་ལ་གཅིག་བརྟེན་ནས་འཚོ་གནས་བྱེད་བཞིན་ཡོད་སྟབས། རྒྱལ་ཁབ་ཉི་ཤུའི་ཚོགས་པའི་ (G20) ཚོགས་མི་མང་གཙོ་རྒྱལ་ཁབ་ཁག་གཅིག་པུར་རང་དབང་ཡོད་པ་ཙམ་གྱིས་མི་འདང་ཞེས་དང་།གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཛམ་གླིང་གི་སྣེ་གསུམ་པ་སྟེ་བོད་མཐོ་སྒང་གི་ཁོར་ཡུག་དང་། གནམ་གཤིས་འགྱུར་ལྡོག་གི་གནད་དོན། དེ་བཞིན་བོད་མཐོ་སྒང་ནི་ཆུ་མཛོད་ལྟ་བུ་ཡིན་པ་མ་ཟད། རྒྱུན་དུ་གཏན་འཁྱགས་སུ་གནས་པའི་ས་ཁུལ་ཡིན་པའི་ཆ་ནས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ཆུ་ཡིས་ཞབས་འདེགས་སྒྲུབ་མཁན་ཆེ་ཤོས་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐད་ཕྱི་གསལ་ནང་གསལ་བྱེད་དགོས་པ་སོགས་ཀྱི་སྐོར་གསུངས།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་རྒྱུན་དུ་སྤྱི་ཚོགས་འཆམ་མཐུན་བྱེད་དགོས་པའི་སྐོར་ཤོད་ཀྱི་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་གཞུང་གིས་འཕགས་བོད་ས་མཚམས་དང་། ལྷོ་རྒྱ་ནག་རྒྱ་མཚོ། ཐའེ་ཝན་སོགས་ལ་རྙོག་གྲ་བཟོ་བཞིན་པ་དང་། རྒྱ་ནག་ལ་ཆབ་སྲིད་དང་། དམག་དོན། དཔལ་འབྱོར་བཅས་ཀྱི་སྟོབས་ཤུགས་ཡོད་ནའང་བཟང་སྤྱོད་ཀྱི་སྟོབས་ཤུགས་མེད། རྒྱ་ནག་གིས་རྒྱལ་སྤྱིའི་འགོ་ཁྲིད་བྱེད་འདོད་ཡོད་ཚེ་ངེས་པར་དུ་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་སྤེལ་མཚམས་འཇོག་དགོས། ཞེས་གསུངས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ཚོགས་འདུའི་ཐོག་ཨ་རི་དང་། ཡུ་རོབ། ཁེ་ན་ཌ། ཉི་ཧོང་། རྒྱ་གར་སོགས་ཀྱིས་གཙོས་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དང་། རྒྱལ་སྤྱིའི་ཐོག་དབང་ཡོད་ཤེད་ཁྱེར་བྱེད་བཞིན་པ་ངེས་པར་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་པ་བཅས།།