ཕྱི་ལོ་ ༢༠༠༨ ཟླ་ ༠༦ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །རྒྱ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཨ་རི་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་དབུ་ཁྲིད་རྣམས་པས་ ༢༠༠༨ ཕྱི་ཟླ་ ༠༦ ཚེས་ ༡༠ རེས་གཟའ་མིག་དམར་ཉིན་ཤར་ཡུ་རོབ་ཀྱི་ཡུལ་གྲུ་སེ་ལོ་ཝི་ནིཡ་ (Slovenia) ཆེད་དུ་ལྷན་འཛོམས་ཤིག་གནང་ཡོད་པ་རེད། ལྷན་འཛོམས་དེ་གནང་གྲུབ་རྗེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་བཀོད་དོན། བོད་ནང་ཉེ་དུས་ཟིང་འཁྲུག་བྱུང་ཡོད་པར་ང་ཚོར་བློ་འཚབ་ཆེན་པོ་བྱུང་བས་ཕྱོགས་ཚང་མས་དྲག་སྤྱོད་སྡོམ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཉེ་དུས་བོད་ནང་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱེད་མཁན་བོད་མི་ཚོའི་ཐོག་དྲག་གནོན་བྱས་ཡོད་པ་དེར་ང་ཚོར་བློ་འཚབ་ཆེན་པོ་བྱུང་། རྒྱ་ནག་གིས་བོད་ཀྱི་དཀའ་རྙོག་སེལ་རྒྱུར་ཉེ་དུས་ཕྱི་ཟླ་ ༥ འགོ་སྟོད་དུ་བོད་མིའི་༸སྐྱབས་མགོན་ཏཱ་ལོའི་བླ་་མ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་འགོ་ཚུགས་ཡོད་པར་ང་ཚོས་དགའ་བསུ་ཞུ་གི་ཡོད། དེ་བཞིན་རྒྱ་ནག་གིས་འཛམ་གླིང་ནང་ངོས་འཛིན་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུས་ནས་རྒྱ་ནག་རང་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཟིགས་མཐོང་ཡར་རྒྱས་གཏོང་དགོས་པའི་འབོད་སྐུལ་ཞུ་གི་ཡོད། ཅེས་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།།