༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༩ རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་སྔ་ལོར་༸རྒྱལ་བའི་བཀའ་དྲིན་ལོ་སྲུང་བརྩི་ཞུ་རྒྱུའི་ལས་རིམ་ཁོངས་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་རྩོམ་སྒྲིག་གནང་པའི་༼བློ་གསལ་མགུལ་རྒྱན། ༽ སློབ་དེབ་ ༦༩ ཐོག་ངོ་སྤྲོད་དང་དཀར་ཆག་བཅས་དཔེ་དེབ་ ༧༡ ཆ་ཚང་ཆོས་རིག་ལས་ཁུངས་ནས་པར་བསྐྲུན་གྱིས་ཁྱབ་ཁོངས་དགོན་སྡེ་དང་ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཡོངས་ལ་འགྲེམས་སྤེལ་ཞུས་ཡོད། འདི་ལོ་སློབ་དེབ་ཆ་ཚང་འཕྲུལ་དེབ་དུ་བཟོ་བསྐྲུན་གྱིས་རིན་མེད་འགྲེམས་སྤེལ་ཞུ་རྒྱུ་ཡིན་པར་བརྟེན་སློབ་དེབ་བློ་གསལ་མགུལ་རྒྱན་གྱི་འཕྲུལ་དེབ་དབུ་འབྱེད་མཛད་སྒོ་ཞིག་བསྐོང་ཚོགས་གནང་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས། ཀིརྟི་བྱེས་པ་གྲྭ་ཚང་གི་རིག་གནས་སློབ་དཔོན་ཆེན་མོ་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་གསུམ་རྩོམ་ཕྱོགས་སྒྲིག་པ་རྒན་རེ་མདོ་སེངྒེ་ལགས། ཀིརྟི་དགེ་རྩ་ཚོགས་པའི་ཚོགས་གཙོ་བློ་བཀྲ་ཚེ་རིང་ལགས། ཀིརྟི་བྱེས་པ་གྲྭ་ཚང་གི་ཕྱག་མཛོད་བློ་བཟང་ཐོགས་མེད་ལགས། ཀིརྟི་བྱེས་པ་གྲྭ་ཚང་གི་ཀམ་པུ་ཊར་སྡེ་ཚན་གྱི་འགན་འཛིན་གཟའ་རུ་དར་རྒྱས་ལགས། མཐོ་རིམ་རིག་གནས་རབ་འབྱམས་པ་དང་ཀིརྟི་དགེ་རྩ་ཚོགས་པའི་ཀམ་པུ་ཊར་ལས་བྱེད་མཛོད་ཚང་བློ་བསྟན་ལགས། དེ་བཞིན་ཕྱི་ནང་གསར་འགོད་པ་བཅས་ལྷན་འཛོམས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས་ཀིརྟི་བྱེས་པ་གྲྭ་ཚང་གི་རིག་གནས་སློབ་དཔོན་ཆེན་མོ་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་གསུམ་རྩོམ་ཕྱོགས་སྒྲིག་པ་རྒན་རེ་མདོ་སེངྒེ་ལགས་ཀྱིས་སློབ་དེབ་བློ་གསལ་མགུལ་རྒྱན་མཛད་པ་པོ་དང་སློབ་དེབ་ཀྱི་ཁྱད་ཆོས་ཀྱི་སྐོར་ལ་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ཀྱིས་ཀིརྟི་བྱེས་པ་གྲྭ་ཚང་གི་རིག་གནས་སློབ་དཔོན་ཆེན་མོ་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་གསུམ་རྩོམ་ཕྱོགས་སྒྲིག་པ་རྒན་རེ་མདོ་སེངྒེ་ལགས། ཀིརྟི་བྱེས་པ་གྲྭ་ཚང་གི་ཀམ་པུ་ཊར་སྡེ་ཚན་གྱི་འགན་འཛིན་གཟའ་རུ་དར་རྒྱལས་ལགས། མཐོ་རིམ་རིག་གནས་རབ་འབྱམས་པ་དང་ཀིརྟི་དགེ་རྩ་ཚོགས་པའི་ཀམ་པུ་ཊར་ལས་བྱེད་མཛོད་ཚང་བློ་བསྟན་ལགས་བཅས་ལ་ཐུགས་རྗེ་ཆེ་ལེགས་འབུལ་དང་མཇལ་དར་རེ་ཕུལ་ཏེ་ལས་གཞིའི་བྱུང་རིམ་དང་འཕྲུལ་དེབ་བཟོ་དགོས་སྐོར་ཐད་གསུང་དོན། ལས་གཞི་འདིའི་ལས་དོན་རྣམས་ཕྱི་ལོ་ ༢༠༢༠ ནང་འགོ་བཙུགས་གནང་བ་ཞིག་ཡིན།བློ་གསལ་མགུལ་རྒྱན་སློབ་དེབ་གྲངས་ ༦༩ རྣམས་གལ་ཆེན་པོ་རྩིས་པའི་ཐོག་ཆོས་རིག་ལས་ཁུངས་ནས་ཆོས་རིག་ཁྱབ་ཁོངས་རིས་སུ་མ་ཆད་པའི་དགོན་སྡེ་ཁག་དང་རང་སྐྱོང་སྡེ་ཚན་ཁག དེ་བཞིན་ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཁག ཧི་མ་ལ་ཡ་རི་རྒྱུད་ཀྱི་དགོན་པ་དང་སློབ་གྲྭ་སོགས་ལ་རིན་མེད་ཐོག་འགྲེམས་སྤེལ་ཞུས་ཐུབ་ཡོད། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ད་ཆ་བལ་ཡུལ་ནང་དཔེ་དེབ་གཏོང་རྒྱུར་དཀའ་ངལ་ཕྲན་བུ་འཕྲད་བཞིན་ཡོད། མང་ཚོགས་ཀྱི་ཁྲོད་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་རྩོམ་སྒྲིག་དང་ཆོས་རིག་ལས་ཁུངས་ནས་པར་བསྐྲུན་གནང་བའི་སློབ་དེབ་བློ་གསལ་མགུལ་རྒྱན་དེབ་ཕྲེང་རྣམས་ཇི་ལྟར་ཐོབ་མིན་ཐད་དྲི་བར་སླེབས་ཀྱི་ཡོད་སྟབས། ཆོས་རིག་ལས་ཁུངས་ཀྱི་ངོས་ནས་འཕྲུལ་དེབ་བརྒྱུད་མང་ཚོགས་ལ་འགྲེམས་སྤེལ་ཞུ་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པ་ལྟར་ད་ཆ་ཆ་ཚང་གྲུབ་ཐུབ་པ་བྱུང་ཡོད།བོད་མི་ས་གནས་གང་དུ་ཡོད་ཀྱང་འཕྲུལ་དེབ་བརྒྱུད་ལྟ་ཀློག་བྱེད་ཐུབ་པ་ཙམ་མ་ཟད། ཕབ་ལེན་བྱེད་ཐུབ་ཀྱི་ཡོད། འཕྲུལ་དེབ་འདི་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲ་རྒྱ་ www.Chorig.org ནང་གཞག་རྒྱུ་ཡིན། རིང་མིན་དྲ་ཚིགས་གཞན་ཁག་གཅིག་ནང་གཞག་རྒྱུ་ཡིན། ཚང་མས་བོད་ཀྱི་ཐུན་མིན་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སླད་དཔེ་དེབ་བམ་འཕྲུལ་དེབ་གྱི་ལམ་ནས་དེ་དག་ལ་དོ་སྣང་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས།
དེ་རྗེས་སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་འཕྲུལ་དེབ་དབུ་འབྱེད་གནང་བ་དང་སྦྲགས་གསུང་དོན། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་བཀའ་རྩོམ་གནང་བའི་ཕྱག་དེབ་བློ་གསལ་མགུལ་རྒྱན་འདི་བཞིན་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་གནང་བའི་སྐབས་ཕྲན་རང་ཉིད་བཅར་རྒྱུའི་གོ་སྐབས་བྱུང་བ་དང་སྦྲགས་རོབ་ཙམ་ཤེས་སོང་། དེ་རིང་སླར་ཡང་འཕྲུལ་དེབ་དབུ་འབྱེད་ཐོག་བཅར་རྒྱུའི་གོ་སྐབས་བྱུང་བ་ནི་ཆོས་ཕྱོགས་ནས་བསམ་བློ་བཏང་ན་ལས་དང་སྨོན་ལམ་གྱི་འབྲེལ་བ་ཞིག་ཡོད་པ་བསམ་གྱི་འདུག དེ་སྔ་བོད་ཀྱི་དཔེ་མཛོད་ཁང་ནས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་སྐོར་ལ་ཨིན་ཡིག་ཐོག་དཔེ་དེབ་ཅིག་འདོན་སྤེལ་ཞུས་ཡོད། དཔེ་དེབ་ཀྱི་འགོ་བརྗོད་དུ་མི་ཚེ་གཅིག་ལ་དཔྱད་པ་གསུམ་ཞེས་བཀོད་ཡོད། ཐེངས་འདིར་ཆོས་རིག་ལས་ཁུངས་ནས་ཀིརྟི་བྱེས་པ་གྲྭ་ཚང་དང་ལྷན་མཉམ་རུབ་གནང་པ་ལྟར་མུ་མཐུད་གྲྭ་ཚང་གཞན་དང་ལྷན་དུ་དེ་དེ་བཞིན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། བོད་མི་མང་ཚོགས་ངོས་ནས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་ཐོག་དོ་སྣང་ཤུགས་ཆེ་གནང་དགོས་པ་མ་ཟད། བོད་མིའི་ཆིག་སྒྲིག་གྱི་ཐོག་གཟབ་གཟབ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།
མཐར་ཆོས་རིག་དྲུང་འཕར་བདུད་འདུལ་རྡོ་རྗེ་ལགས་ཀྱིས་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་རྩོམ་སྒྲིག་མཛད་པའི་སློབ་དེབ་ ༼བློ་གསལ་མགུལ་རྒྱན། ༽ སློབ་དེབ་ ༦༩ སྐོར་ངོ་སྤྲོད་དང་དཀར་ཆག་བཅས་དཔེ་དེབ་དང་འཕྲུལ་དེབ་ཐོག་མཐུན་འགྱུར་གནང་མཁན་ཡོངས་ལ་ཐུགས་རྗེེ་ཞུས་ཏེ་མཛད་སྒོ་གྲོལ་ཡོད་པ་བཅས། །