༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༨ སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨི་ཊ་ལཱིའི་ལྷོ་ཊི་རོལ་ (South Tyrol) རང་སྐྱོང་མངའ་ཁུལ་གྱི་རྒྱལ་ས་བྷོལ་ཛ་ནོའི་ (Bolzano) སྲིད་འཛིན་སྐུ་ཞབས་ཨར་ནོ་ (Dr Arno Kompatscher) མཆོག་དང་མཇལ་འཕྲད་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་དང་རང་དབང་ཅན་གྱི་ལས་ཁུངས་ཁག་གི་ངོ་བོ་དང་ལས་འགན། ལས་དོན་གནང་ཕྱོགས་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད།དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ཨི་ཊ་ལཱིའི་བྱང་ཕྱོགས་སུ་རྟེན་གཞི་བྱས་པའི་ཏེ་རན་ཏི་ནོ་རང་སྐྱོང་མངའ་ཁུལ་ (Trentino) ཕེབས་འབྱོར་སྐབས་སྐུ་ཞབས་རོ་བྷར་ཌོ་པིན་ཌར་ (Roberto Pinter) ལགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཏེ་རན་ཏི་ནོ་རང་སྐྱོང་མངའ་ཁུལ་གྱི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་རོ་བྷར་ཌོ་ (Roberto Stanchina) མཆོག་དང་མཇལ་འཕྲད་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། གྲོང་སྡེའི་སྤྱི་ཁྱབ་པ་མཆོག་མགྱོགས་མྱུར་དྲག་བསྐྱེད་ཡོང་བའི་རེ་བ་ཡོད། འཛམ་གླིང་མིའི་ཤ་མདོག་དང་གཟུགས་པོའི་དབྱིབས་ཕྲན་བུ་མི་འདྲ་བ་མ་གཏོགས་མི་ཡིན་པ་གཅིག་མཚུངས་རེད། ཁྱེད་རང་ཚོ་ནང་བཞིན་བསམ་བློ་གུ་ཡངས་པོ་དང་། ལྷག་པར་དཀའ་ངལ་ཡོད་མཁན་དང་མཉམ་དུ་འབྲེལ་བ་བཟོས་ཏེ་དཀའ་ངལ་སེལ་རྒྱུ་དང་དེ་དག་ལ་རྒྱབ་སྐྱོར་གནང་ཐུབ་པ་ཡིན་ན་རྙོག་གྲ་ཡོང་དགོས་རྒྱུ་གང་ཡང་མེད།རྒྱ་ནག་ལྟ་བུར་ཆ་བཞག་པ་ཡིན་ན། ལུང་པ་ཆེན་པོ་རེད། འོན་ཀྱང་བོད་དང་ཡུ་གུར། སོག་པོ་བཅས་དབང་བསྒྱུར་བྱས་པ་དེས་འདོད་པ་མ་ཁེངས་པར་ལྷོ་རྒྱ་ནག་རྒྱ་མཚོ་ (South China Sea) དང་། ཐའེ་ཝན། རྒྱ་གར་བཅས་ལ་རྙོག་གྲ་ཤོད་བཞིན་ཡོད། ཁ་ནས་སྤྱི་ཚོགས་མཐུན་ལམ་དགོས་པ་རེད་ཅེས་ཤོད་ཀྱི་ཡོད་པ་རེད། འོན་ཀྱང་ཁ་ནས་བཤད་པ་དང་ལས་ཀ་བྱེད་རྒྱུ་གཉིས་མཐུན་གྱི་མེད། འཛམ་གླིང་གིས་རོགས་པ་བྱས་ཏེ་རྒྱ་ནག་སྟོབས་ཆེན་ཆགས་པ་རེད། རྒྱ་ནག་གཅིག་པུའི་དེ་ལྟར་ཆགས་ཐུབ་ཐབས་མེད། རོགས་བྱེད་མཁན་དེ་དག་ལའང་ཁ་གཏད་གཅོག་བཞིན་ཡོད། དེ་ལྟར་བྱེད་པ་ཡིན་ན་མཐུན་ལམ་ཡོང་ཐབས་མེད། གཞུང་ཟེར་མཁན་དེ་གཞུང་འཛིན་མཁན་གྱིས་གཞུང་སྐྱོང་སའི་མི་མང་དེ་དག་གི་བདེ་བ་དང་སྡུག་བསྔལ་ལ་ལྟ་དགོས། དཔེར་ན་ཨི་ཊ་ལཱི་དབུས་གཞུང་དང་ས་གནས་མི་མང་གི་འདོད་པ་བྱུང་བ་ཡིན་ན། ཆབ་སྲིད་ཀྱི་དཀའ་ངལ་ཇི་འདྲ་ཞིག་ཡོད་པ་ཡིན་ནའང་ཕར་ཚུར་སྐད་ཆ་བཤད་ནས་རང་སྐྱོང་གི་གནས་བབ་ཐོག་ནས་དབུས་གཞུང་གི་འགྲིག་པ་དང་ས་གནས་གཞུང་གི་འགྲིག་པ། མི་མང་ཚང་མ་སྐྱིད་པོ་ཡོད་པ་དེ་དཔེ་མཚོན་ཏག་ཏག་ཅིག་ཆགས་ཡོད། ཁྱེད་རང་ཚོར་ལོ་རྒྱུས་ཀྱི་ཐོག་ནས་དཀའ་ངལ་འཕྲད་ཡོད། ད་ལྟའི་དུས་སུ་རང་དབང་དང་བདེ་སྐྱིད་ངང་གནས་ཡོད། དེ་རིང་ངས་སྐད་ཆ་བཤད་པ་ཡིན་ན་འཛིན་བཟུང་བྱེད་ཀྱི་རེད་སྙམ་པ་དང་སང་ཉིན་ངས་ལས་ཀ་གཞན་ཞིག་བྱེད་པ་ཡིན་ན་བཙོན་ཁང་ནང་བཅུག་གི་རེད་བསམ་པའི་སེམས་ཁྲལ་མེད།རྒྱ་ནག་གཞུང་ལྟ་བུ་ཡིན་ན་རྒྱལ་ནང་སྲུང་སྐྱོབ་ (internal security) དང་། ཕྱིའི་སྲུང་སྐྱོབ་ (external security) ཆེད་དུ་འགྲོ་སོང་མང་བ་གཏོང་བཞིན་ཡོད། དེས་གཞུང་འཛིན་མཁན་དང་གཞུང་ཕན་ཚུན་དབར་ཡིད་ཆེས་མེད་པའི་རྣམ་པ་སྟོན་གྱི་ཡོད། མི་ཟེར་མཁན་དེ་སྐྱེས་དུས་ནས་རང་དབང་ཡོད་པ་ཞིག་རེད། མི་ཟེར་མཁན་དེ་སེམས་ཅན་གཞན་དང་མི་འདྲ་བར་བསམ་བློ་གཏོང་རྒྱུ་དང་། སྐད་ཆ་བཤད་རྒྱུ། ལས་ཀ་བྱེད་རྒྱུ་སོགས་ཀྱི་རང་དབང་ཡོད་པ་ཞིག་ཡིན་དགོས་ཀྱི་རེད། ད་ལྟའི་དུས་སུ་བོད་ནང་ཆ་བཞག་ན་སོ་སོའི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་མེད། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་ཆོས་མེད་པ་བཟོ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད། འཛམ་གླིང་འདིའི་སྟེང་བོད་མིའི་ངོ་བོ་རྩ་མེད་གཏོང་རྒྱུའི་སྲིད་བྱུས་འཛིན་བཞིན་ཡོད། བོད་པའི་རིག་གཞུང་གིས་འཛམ་གླིང་ནང་ཞི་བདེ་སྤེལ་རྒྱུའི་ནུས་པ་ཡག་པོ་ཞིག་ཡོད་པ་རེད། བྱམས་དང་སྙིང་རྗེའི་གཞི་རིམ་ལྟ་གྲུབ་འཁྱེར་ཏེ་རྨང་གཞི་ཡག་པོ་ཞིག་ཡོད་སྟབས། འདིས་འཛམ་གླིང་ལ་ཕན་ཐོགས་ཐུབ་པའི་གཞི་རྩ་ཞིག་ཆགས་ཀྱི་ཡོད། དེ་དག་སྲུང་སྐྱོབ་བྱེད་རྒྱུའི་ལས་འགན་ང་ཚོར་ཡོད། ད་ལྟའི་དུས་སུ་བོད་ནང་ཡོད་པའི་བོད་མི་ཞིག་གིས་གནས་ཚུལ་ཕྱི་ལ་བཏང་བ་ཙམ་གྱིས་བཙོན་ཁང་ནང་འཇུག་གི་ཡོད། གང་ལྟར་སྨྲ་བརྗོད་རང་དབང་དང་འགྲོ་བསྐྱོད་ཀྱི་རང་དབང་མེད་པའི་འོག་གནས་བཞིན་ཡོད་པར་བརྟེན་ཁྱེད་རང་ཚོས་རྒྱབ་སྐྱོར་གྱི་རྣམ་པ་སྟོན་པ་འདི་ང་ཚོས་བཀའ་དྲིན་ཆེན་པོར་རྩི་བཞིན་ཡོད། ང་ཚོར་དཀའ་ངལ་གདོང་ལེན་བྱེད་དགོས་པ་མང་པོ་ཡོད། འོན་ཀྱང་ག་དུས་ཡིན་ནའང་དཀའ་སེལ་རྒྱུ་ནི་སྐད་ཆ་བཤད་ནས་ཕན་ཚུར་གོ་བརྡ་སྤྲད་ནས་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་བྱེད་རྒྱུ་ནི་ང་ཚོའི་འཐབ་རྩོད་ཀྱི་རྨང་གཞི་རེད།དེར་བརྟེན་རང་དབང་དང་དྲང་བདེན་ལ་དགའ་མཁན། འགྲོ་བ་མིའི་ཐོབ་ཐང་ལ་དགའ་མཁན་ཚང་མས་ནུས་པ་མཉམ་དུ་སྤུངས་པ་ཡིན་ན། ང་ཚོ་ཙམ་དུ་མ་ཟད་འཛམ་གླིང་ནང་དཀའ་ངལ་འཕྲད་བཞིན་པའི་མི་རིགས་དང་ལུང་པ་བཅས་ལ་ཐུགས་ཕན་ཏན་ཏན་གསོ་ཡི་རེད། རྣམ་པ་ཚོའི་གཞུང་ལ་ཐུགས་རྗེ་ཆེ་ཞེས་ཞུ་བཞིན་ཡོད། དེ་བཞིན་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞེས་ཞུ་བཞིན་ཡོད། ཅེས་གསུངས། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་དུ་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ལྷན་བཅར་ཞུས་ཡོད། །
གསར་གནས།
འབྲེལ་གནས།