༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༧ ནས་ ༣༠ བར་ཉིན་གྲངས་བཞིའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡུ་རོབ་རྒྱལ་ཁབ་ཨི་ཊ་ལཱི་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་ཐོག་མར་ཕྱི་ཚེས་ ༢༧ ཉིན་ཨི་ཊ་ལཱིའི་ལྷོ་ཊི་རོལ་ (South Tyrol) རང་སྐྱོང་མངའ་ཁུལ་གྱི་རྒྱལ་ས་བྷོལ་ཛ་ནོར་ (Bolzano) རྟེན་གཞི་བྱས་པའི་བྷོལ་ཛ་ནོའི་ཡུ་རོབ་ཤེས་ཡོན་ཉམས་ཞིབ་བསྟི་གནས་ཁང་ (European Academy of Bolzano) གི་ཚོགས་གཙོ་སྐུ་ཞབས་རོ་ལན་ཌི་ (Roland Psenner) ལགས་ཀྱིས་གཙོས་ཉམས་ཞིབ་པ་སོགས་དང་ཐུག་འཕྲད་གནང་སྟེ་བོད་དོན་སྐོར་དང་། དེ་བཞིན་སྐབས་ ༡༦ པའི་བཀའ་ཤག་གིས་འཛིན་བཞིན་པའི་སྲིད་བྱུས་སྤྱི་དང་། ལྷག་པར་བོད་རྒྱའི་དཀའ་རྙོག་སེལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་རྒྱ་གཉིས་སྨན་གྱི་ཐབས་ལམ་སོགས་ཀྱི་གནད་དོན་སྐོར་གོ་བསྡུར་ལྷུག་པོ་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་དུ་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ལྷན་བཅར་ཞུས་ཡོད།
ཨི་ཊ་ལཱིའི་རང་སྐྱོང་མངའ་ཁུལ་ལྷོ་ཊི་རོལ་གྱི་གཙོ་འཛིན་སྐུ་ཞབས་ལུ་ཝི་སི་ཌུན་ཝལ་ཌར་ (Luis Durnwalder) མཆོག་གིས་མགྲོན་འབོད་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༩༣ ལོར་ཨི་ཊ་ལཱིའི་རང་སྐྱོང་མངའ་ཁུལ་དུ་ཆིབས་སྒྱུར་བསྐྱངས་པ་ནས་བཟུང་བོད་མིའི་སྒྲིག་འཛུགས་དང་བྷོལ་ཛ་ནོའི་ཡུ་རོབ་ཤེས་ཡོན་ཉམས་ཞིབ་བསྟི་གནས་ཁང་དབར་འབྲེལ་ལམ་ཐོག་མ་བྱུང་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ཚེས་ ༢༧ ཉིན་བྷོལ་ཛ་ནོའི་ཡུ་རོབ་ཤེས་ཡོན་ཉམས་ཞིབ་བསྟི་གནས་ཁང་དུ་ཆེད་ཕེབས་ཀྱིས་བྷོལ་ཛ་ནོའི་ཡུ་རོབ་ཤེས་ཡོན་ཉམས་ཞིབ་བསྟི་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་རོ་ལན་ཌི་ (Roland Psenner) ལགས་ཀྱིས་གཙོས་ཉམས་ཞིབ་པ་སོགས་ལ་སྐབས་ ༡༦ པའི་བཀའ་ཤག་གིས་འཛིན་བཞིན་པའི་སྲིད་བྱུས་སྤྱི་དང་། ལྷག་པར་བོད་རྒྱའི་དཀའ་རྙོག་སེལ་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་བའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་ཤར་སྐྱོད་གནང་བཞིན་པའི་སྐོར་གསུངས་པ་དང་འབྲེལ་བྷོལ་ཛ་ནོའི་ཡུ་རོབ་ཤེས་ཡོན་ཉམས་ཞིབ་བསྟི་གནས་ཁང་གིས་བོད་དོན་སྐོར་གོ་རྟོགས་སྤེལ་སླད་མཐུན་འགྱུར་རོགས་རམ་གནང་དགོས་པའི་རེ་སྐུལ་ཡང་ཞུས་གནང་ཡོད།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འདས་པའི་དུས་ཡུན་ཟླ་གྲངས་ལྔའི་རིང་སྐབས་ ༡༦ པའི་བཀའ་ཤག་གིས་ལས་དོན་གནང་ཕྱོགས་སྤྱི་དང་། ཡང་སྒོས་བོད་མིིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལས་འབོར་ལ་བསྐྱར་ཞིབ་གནང་བ། ལྷག་པར་དེ་སྔ་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་བསྐྱར་བཅོས་ཀྱིས་བོད་རྒྱ་ཐབས་ཇུས་འཆར་འགོད་ཚོགས་ཆུང་ཞིག་གཏན་འཇགས་སུ་བཙུགས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་དང་། ཕྱི་དྲིལ་ལས་ཁུངས། བཀའ་དྲུང་ཡིག་ཚང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་བཅས་ཀྱི་དྲུང་ཆེ་རྣམ་པ་བོད་རྒྱ་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་མིར་བསྐོ་གཞག་གནང་བ། བདེ་སྲུང་ལས་ཁུངས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་འགན་འཁུར་གནང་བའི་ཐོག་བོད་ནང་གི་གནས་ཚུལ་མཁོ་སྒྲུབ་སླད་འགན་འཁུར་འཕར་མ་གནང་དགོས་པའི་སྐོར་གསུངས།ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འདས་པའི་ལོ་ཤས་ནང་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་དབར་ས་མཚམས་དང་འབྲེལ་བའི་རྩོད་རྙོག་བྱུང་སྟབས། རྒྱ་གར་གཞུང་གིས་སྐད་འཕྲིན་ (WeChat) བཀག་སྡོམ་གནང་བར་བརྟེན་གཞིས་བྱེས་བོད་མི་རྣམས་ཕན་ཚུན་འབྲེལ་གཏུགས་དེ་ཙམ་བྱེད་ཐུབ་ཀྱི་མེད་པ། བདེ་སྲུང་ལས་ཁུངས་ནས་བོད་ནང་གི་གནས་ཚུལ་མཁོ་སྒྲུབ་གནང་བ་གཞིར་བཞག་ཐོག་བྷོལ་ཛ་ནོའི་ཡུ་རོབ་ཤེས་ཡོན་ཉམས་ཞིབ་བསྟི་གནས་ཁང་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གཉིས་ཟུང་འབྲེལ་གྱིས་བོད་དོན་སྐོར་ཉམས་ཞིབ་གཏིང་ཟབ་གནང་དགོས་པ། བཙན་བྱོལ་བོད་མིའི་གྲངས་འབོར་བརྒྱ་ཆ་ ༤༥ ཙམ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་ཡོད་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་སོ་སོ་གནས་ཡུལ་རྒྱལ་ཁབ་ཀྱི་གཞུང་དང་། གྲོས་ཚོགས། སྒྲིག་འཛུགས། རིག་གཞུང་། སྐད་ཡིག་སོགས་ལ་རྒྱུས་མངའ་ལེགས་པོ་ཡོད་སྟབས། བོད་དོན་ལས་འགུལ་སྤེལ་བར་ཐུགས་ཕན་གསོ་ཡི་ཡོད་པ་སོགས་ཀྱི་སྐོར་གསུངས། །