༢༠༡༡ ཟླ་ ༩ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢ ཉིན་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༡ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཕེབས་པའི་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་པེ་རེམ་ཀུ་མར་དྷུ་མལ་(Prof. Prem kumar Dhumal)མཆོག་གིས་གསུང་བཤད་གནང་དོན། བཙན་བྱོལ་བོད་མིའི་མང་གཙོའི་དུས་དྲན་ཉིན་ང་རང་དངོས་སུ་འདིར་བཅར་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང། ཕྱི་ལོ་ ༡༩༦༠ ལོར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མི་མང་གིས་འོས་འདེམས་བྱས་པའི་སྤྱི་འཐུས་རྣམས་ཀྱིས་ཐེངས་དང་པོར་དམ་བཅའ༌ཕུལ་ཏེ་མང་གཙོ་དབུ་བརྙེས་ཡོད། དུས་སྐབས་དེ་ནི་བྱུང་རབས་ཁྲོད་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་རིང་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༡ འཁོར་བའི་དུས་སྐབས་དང་བསྟུན་ངས་བོད་མི་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ད་རིང་གི་དུས་ཆེན་ཁྱད་པར་ཅན་འདིར་ངའི་ཆབ་སྲིད་ཚོགས་པ་སྦི་ཇེ་པིའི་(BJP)ཚོགས་གཙོ་ཀ་དྷི་ཀ་རི་མཆོག་དང། ཚོགས་པའི་དབུ་ཁྲིད་བགྲེས་པོ་སྐུ་ཞབས་ཨེལ་ཀེ་ཨཱ་ཌི་ཝཱ་ཎི་(L.KAdvani)མཆོག་རྣམ་གཉིས་ཀྱིས་བོད་མི་ཚོར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུར་ང་ལ་དམིགས་བསལ་བཀའ་མངག་གནང་བྱུང། ང་རང་དེ་སྔ་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བྱེད་མྱོང་ཡོད་ལ། སྐབས་དེར་ང་དང་སྐུ་ཞབས་ཇོར་ཇི་ཕར་ནན་ཌེ་སི་མཆོག་བཅས་ང་ཚོ་འདིར་བསླེབས་མྱོང་ཡོད་པ་མ་ཟད། ངས་བོད་ཐོག་དཔེ་དེབ་ཅིག་ཀྱང་བྲིས་མྱོང་ཡོད། ད་ཆ་རྒྱ་གར་ཇི་བཞིན་བོད་མི་ཚོས་ཀྱང་མང་གཙོ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དེ་གཙོ་བོ་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལས་བྱུང་བ་ཞིག་ཡིན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་དེ་བཞིན་མང་གཙོའི་ལམ་ནས་ཐད་ཀར་འོས་འདེམས་བྱུས་པའི་དེང་རབས་ཀྱི་ཤེས་ཡོན་ལྡན་པའི་ན་གཞོན་ཞིག་ལ་རྩིས་སྤྲོད་མཛད་ཡོད། ང་དང་ངའི་ཕྱག་རོགས་ཚང་མས་བཀའ་ཁྲི་མཆོག་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་དགོངས་བཞེད་ལྷུན་གྱི་འགྲུབ་ཐུབ་པ་ཞིག་ཡོང་རྒྱུའི་རེ་བ་དང་སྨོན་ལམ་ཙམ་མ་ཟད་ཡིད་ཆེས་ཀྱང་ཞུ་བཞིན་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ལ་རྩིས་སྤྲོད་མཛད་དེ་མང་གཙོ་སྲ་བརྟན་ཞིག་བསྐྲུན་པ་དེས་ཏཱ་ལའི་བླ་མ་སྐུ་སྒེར་གྱི་སྒྲིག་འཛུགས་སྔར་བས་སྲ་བརྟན་དང་ཆེ་མཐོང་ཆེ་རུ་ཕྱིན་ཡོད།
བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་རྡ་སར་སྐུ་བཞུགས་མཛད་དེ་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ཡིན། ཁོང་གི་མཚན་སྙན་འཛམ་གླིང་ཡོངས་སུ་གྲགས་ཡོད། དེར་བརྟེན་ཁོང་གི་ཐུགས་རྗེ་བཀའ་དྲིན་ལ་རྟེན་ད་ཆ་ཧི་མཱ་ཅལ་མངའ་སྡེའི་ནང་ཡོད་པའི་རྡ་རམ་ས་ལ་མེག་ལོར་གྷནཇི་ཞེས་པ་འདི་འཛམ་གླིང་ས་ཀྲའི་སྟེང་འཁོད་ཐུབ་པ་བྱུང་བ་དེ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གང་ཉིད་ཀྱི་བཀའ་དྲིན་ཉག་གཅིག་ཡིན།
བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་འདིའི་སྟེང་ནང་པའི་དབུ་ཁྲིད་སྙན་གྲགས་ཆེ་ཤོས་དེ་ཆགས་ཡོད་པ་མ་ཟད། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ཞིག་ཀྱང་ཡིན། ཁོང་གིས་འཛམ་གླིང་ནང་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ། དེ་བཞིན་བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་དེ་དག་གོང་མཐོར་གཏོང་བའི་རླབས་ཆེན་གྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་དང་སྐྱོང་བཞིན་པ་དེར་ངོས་འཛིན་གྱིས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱང་འབུལ་ལམ་ཞུས་ཡོད། དེང་སྐབས་གཏམ་བཤད་གནང་མཁན་མང་པོ་ཡོད་ཀྱང་དོན་དངོས་ལག་བསྟར་བྱེད་མཁན་ཧ་ཅང་དཀོན་པོ་ཡིན། དེ་བཞིན་ཆོས་སྲིད་ལུགས་གཉིས་ཐ་དད་ཀྱིས་རྒྱལ་ཁབ་སྐྱོང་དགོས་སྐོར་བརྗོད་མཁན་མི་ཉུང་བ་ཞིག་ཡོད་ཀྱང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཁ་དན་ཚིག་ལ་གནས་ཐོག་ཆོས་སྲིད་ཀྱི་སྐུ་དབང་ཐ་དད་ཕྱེ་གནང་མཛད་ནས་ཆབ་སྲིད་ཀྱི་སྐུ་དབང་མང་ཚོགས་ལ་རྩིས་སྤྲོད་མཛད་ཡོད།
དེར་བརྟེན་ངས་སླར་ཡང་བོད་མི་ཚོར་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ནམ་མཇལ་སྐབས་ཁོང་གིས་ངའི་མངའ་སྡེའི་བློན་ཆེན་ཞེས་ཆེ་མཐོང་དང་བརྩི་བཀུར་ཆེན་པོ་མཛད་པར་ངས་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །
མང་གཙོའི་དུས་ཆེན་ཉིན་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་མཆོག་གིས་ཧི་མཱ་ཅལ་དུ་གནས་སྡོད་བོད་མི་ཚོར་རོགས་རམ་གང་ཐུབ་ཞུ་རྒྱུ་ཡིན་གསུང་པ།
གསར་གནས།
འབྲེལ་གནས།