༢༠༡༡ ཟླ་ ༩ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢ ཉིན་རྡ་ས་མེག་གྷན་ཉིན་སློབ་ཚོགས་ཁང་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གོ་སྒྲིག་ཐོག་བཙན་བྱོལ་དུ་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༡ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་བ་དང་སྟབས་བསྟུན་གཏམ་བཤད་ཚོགས་འདུ་ཞིག་ཚོགས་ཡོད་པར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་༸གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་དང་། བཅའ་ཁྲིམས་བསྐྱར་བཅོས་སྐོར་གྱི་བརྗོད་གཞིའི་ཐོག་མི་མང་ལ་གསུང་བཤད་གནང་ཡོད།
དེ་ཉིན་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་རྡ་ས་ཉིན་སློབ་གྱི་ཚོགས་ཁང་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་དེར་འདུས་མི་མང་རྣམས་ལ་མང་གཙོའི་ཉིན་མོ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་། དེ་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གོང་འཁོད་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། དེ་རིང་ང་ཚོ་འདིར་སྐུ་བགྲེས་པ་ཕེབས་པ་ཚོས་གནས་ཚུལ་ཚང་མ་མཁྱེན་གྱི་རེད། བོད་ས་མ་ཤོར་པའི་སྔོན་དང་། དོན་ཚན་བཅུ་བདུན་ལ་མཚན་རྟགས་སྐྱོན་པའི་རྗེས་ཕྱི་ལོ་ ༡༩༥༢ ནས་༸གོང་ས་མཆོག་གིས་བོད་ནང་བསྒྱུར་བཅོས་གཏོང་རྒྱུའི་དགོངས་བཞེས་ཡོད་པ་དེ་ཚང་མས་མཁྱེན་གསལ་རེད། འོན་ཀྱང་དེའི་སྐབས་ཀྱི་ཆབ་སྲིད་གནས་སྟངས་དབང་གིས་མགོན་པོ་གང་ཉིད་མཆོག་གི་དགོངས་བཞེས་གང་ཡོད་པ་དེ་དག་སྒྲུབ་མ་ཐུབ་པ་དང་། ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ཏུ་ཆིབས་སྒྱུར་བསྐྱངས་ཏེ་རྒྱ་ནག་དམར་ཤོག་གི་ཚོགས་འདུ་ཚོགས་སྟངས་དང་ཐག་གཅོད་བྱེད་སྟངས་དེ་ཚོ་གཟིགས་ཡོད་པ་མ་ཟད།
ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་ཆིབས་སྒྱུར་བསྐྱངས་སྐབས་རྒྱ་གར་གྲོས་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་རྒྱ་གར་ནང་སྨྲ་བརྗོད་རང་དབང་ཇི་ཙམ་ཡོད་པ་དེ་དག་ཆ་ཚང་གཟིགས་ཡོད། དེ་བཞིན་བཙན་བྱོལ་དུ་༸ཞབས་སོར་འཁོད་དེ་ཕྱི་ལོ་ ༡༩༦༠ ནང་སྤྱི་འཐུས་རྣམས་དམ་འབུལ་ཞུ་སྐབས་བཀའ་བློན་ཟུར་ཁང་གིས་གསུང་བཤད་གནང་ཡོད། དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་སུར་རིར་༸ཞབས་སོར་འཁོད་མ་ཐག་བཀའ་ཤག་ལ། ད་ཆ་ང་ཚོའི་འགྲོ་ལུགས་དེ་མང་གཙོའི་ལམ་སྲོལ་ཞིག་ལ་འགྲོ་དགོས་ཀྱི་རེད། ཅེས་བཀའ་སློབ་ཕེབས་ཡོད་པ་དེ་ནས་མགོན་པོ་གང་མཆོག་ལ་དེ་སྔོན་ནས་དགོངས་བཞེས་དེ་ལྟར་ཡོད་པ་གསལ་པོ་རེད་འདུག ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་༸གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་དང་། བཅའ་ཁྲིམས་བསྐྱར་བཅོས་ཀྱི་སྔ་ཕྱིའི་འཕེལ་རིམ་ཐད་མི་མང་ལ་གསུང་བཤད་གནང་ཡོད་པ་མ་ཟད། མང་ཚོགས་ཀྱི་དྲི་བར་ལན་འདེབས་ཀྱང་གནང་ཡོད། དེ་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་འཇམ་དཔལ་སྨོན་ལམ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས། །