༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༡ ཉིན་ལ་དྭགས་ནུབ་རའི་ས་ཁུལ་ནང་རྟེན་གཞི་བྱས་པའི་ལྡུམ་རྭ་བསམ་དགོན་བྱམས་བརྩེ་ཐོས་བསམ་གླིང་དགོན་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་ཕེབས་བསུ་ཞུས་ཐོག་མགོན་པོ་གང་ཉིད་མཆོག་དགོན་པའི་ཚོགས་ཁང་གི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་སྦྲགས་༸གོང་ས་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་སླད་བརྟན་བཞུགས་འདེགས་འབུལ་ཞུས། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་རི་རྫོང་རིན་པོ་ཆེའི་དགོན་པ་ཡོད་ས་ལ་དྭགས་ནུབ་རར་བཅར་རྒྱུ་བྱུང་བ་ཡག་པོ་ཞེ་དྲག་བྱུང། རི་རྫོང་རིན་པོ་ཆེ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ལ་འཁོད་ཡོད་པ་རེད། ངོས་ཀྱིས་རིན་པོ་ཆེའི་སྐུ་མདུན་ནས་གསུང་ཆོས་མང་པོ་ཞུས་ཡོད། དེ་རིང་འདིར་རིན་པོ་ཆེ་སྐུ་ཉིད་ཀྱི་གྲྭ་ཚང་འདིར་རིན་པོ་ཆེས་གཙོས་སེར་སྐྱ་མི་མང་མང་པོ་ཞིག་དང་ཐུག་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང། དེ་བཞིན་དུ་ཡུལ་གྲུ་དང་སྐད་ཡིག་མི་འདྲ་བ། ཕྱོགས་མཚུངས་ཕ་མེས་ནས་ནང་པའི་ཆོས་ཡོད་པ་ཞིག་མིན་ནའང་ནང་པ་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་བསླེབས་པའི་དབྱིན་ཇི་དང་ཨུ་རུ་སུ། ཀོ་རི་ཡ་བཅས་འདིར་ཕེབས་པའི་ཆོས་གྲོགས་རྣམས་ལ་ཆོས་འབྲེལ་བྱེད་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང། དེ་རིང་ཁ་སང་ང་རང་ཚོ་སྤྱིར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སངས་རྒྱས་པའི་ཆོས་པ་ཚོས་སངས་རྒྱས་པའི་ཆོས་འདི་འདོན་པ་བཏོན་པ་དང་སྨོན་ལམ་བརྒྱབ་པ་ཙམ་མིན་པར་སངས་རྒྱས་པའི་ཆོས་ལ་ཚང་མས་སློབ་སྦྱོང་བྱེད་རྒྱུར་དོ་སྣང་གསར་པ་ཞིག་བསླེབས་ཡོད།
དེ་བཞིན་དགེ་བཙུན་རྣམ་པ་དང་སྐྱ་བོ་ཕོ་མོ་ཚོ་ཡིན་ནའང་ནང་ཆོས་ལ་བགྲོ་གླེང་བྱེད་རྒྱུའི་མཚོན་པའི་དོ་སྣང་བྱེད་བཞིན་ཡོད། དེ་བཞིན་དེང་དུས་ཀྱི་ཤེས་ཡོན་ལ་སློབ་སྦྱོང་བྱེད་རྒྱུའི་སློབ་གྲྭ་ཁག་ཡར་རྒྱས་འགྲོ་དང་འགྲོ་བཞིན་ཡོད་པ་དེ་དག་ཞེ་དྲག་ཡག་པོ་རེད། མདོར་ན་སེར་སྐྱ་ཕོ་མོ་ཚང་མས་ཆོས་དང་དེང་རབས་ཤེས་ཡོན་ལ་དོ་སྣང་གསར་པ་བྱེད་རྒྱུ་ཙམ་མ་ཟད། ཤེས་ཡོན་ལ་དོ་སྣང་བྱེད་རྒྱུའི་དུས་ཚོད་ཅིག་ཆགས་ཡོད་པར་བརྟེན་སྔོན་ལ་ངོས་ནས་རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཕགས་པ་འཇམ་དཔལ་གྱི་གང་བློ་མའི་རྗེས་གནང་འདི་འདོན་དགོས་དྲན་བྱུང་ཅེས་བཀའ་སྩལ་རྗེས་ཆོས་འབྲེལ་དངོས་གཞི་དབུ་འཛུགས་མཛད། དེ་རྗེས་ཉིན་རྒྱབ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བསམ་གཏན་གླིང་དགོན་པའི་ཉེ་འགྲམ་གྱི་ཐང་ཆེན་ཞིག་ཏུ་བསམ་གཏན་གླིང་དགོན་པའི་དགེ་འདུན་སློབ་ཕྲུག་རྣམས་ཀྱིས་རྟགས་གསལ་གྱི་ལམ་ནས་ནང་དོན་རིག་པའི་བགྲོ་གླེང་གི་དམ་བཅའ་ཚོགས་ཡོད་པ་བཅས།།