ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །རྡ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་དང་། རྡ་སྟེང་བོད་ཁྱིམ་ཐུན་མོང་ནས་གོ་སྒྲིག་ཞུས་ཏེ་དད་ཅན་ལས་འཕྲོ་ཅན་གྱི་མི་རབས་གསར་པའི་གཞོན་སྐྱེས་རྣམས་ལ་དབྱར་དུས་ཉིན་བཅུའི་གུང་གསེང་ཡོད་པ་དང་སྟབས་བསྟུན་ནས་བོད་རྒྱལ་ལོ་ ༢༡༣༥ རབ་བྱུང་རི་ཟླའི་བོད་ཟླ་ ༤ ཚེས་ ༢ རེས་གཟའ་ལྷག་པ་ ༢༠༠༨ ཟླ་ ༦ ཚེས་ ༥ ནས་ ༦ བར་ཉིན་གྲངས་གཉིས་རིང་བོད་རིགས་གཞོན་སྐྱེས་རྣམས་ལ་དམིགས་བསལ་ནང་ཆོས་ངོ་སྤྲོད་ཐེངས་གཉིས་པའི་འདུ་འཛོམས་སླར་ཡང་རྡ་སྟེང་བོད་ཁྱིམ་ཚོགས་ཁང་གསར་པའི་ནང་སྩལ་གནང་མཛད་ཡོད་པ་རེད། ཉིན་དང་པོའི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ཁྱིམ་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་བཞུགས་ཁྲི་རིན་པོ་ཆེར་ཞབས་ཟུང་འཁོད་བསྟུན་གང་བློ་མ་འདོན་སྐུལ་གནང་གྲུབ་རྗེས། བོད་མི་རིགས་ཟེར་བ་གང་འདྲ་ཞིག་ཡིན་མིན་དང་། བོད་མི་རིགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་། སེམས་པ་བཟང་པོའི་ཡོན་ཏན། བཟང་པོའི་ཡོན་ཏན་ལ་བརྟེན་ནས་ཕྱིའི་སྤྱོད་ལམ་དེ་ཡང་ཕན་པའི་རང་བཞིན་ཅན་གྱི་སྤྱོད་ལམ་ཡོད་སྟབས་འཛམ་གླིང་ཀུན་གྱིས་མི་མང་ནས་བོད་པའི་གཤིས་བརྒྱུད་བཟང་པོ་དང་། དྲང་པོ་དྲང་བཞག ཆ་འཇོག་འཕེར་བ། བློ་འགེལ་བྱེད་ཆོག་པ། ཞི་བདེ་བག་ཕེབས་ཡིན་པ་དང་། བོད་མི་རིགས་ཀྱི་ཁྱད་ཆོས་སོགས་བཀའ་གནང་རྗེས་ཁྱད་ཆོས་དེ་རྣམས་ང་ཚོས་བདག་པོ་བརྒྱབ་དགོས་ཀྱི་རེད་ཅེས་བཀའ་སྩལ་ཡོད།
དེ་འདྲ་བའི་ཁྱད་ཆོས་དེ་གང་འདྲ་བྱས་ནས་བྱུང་བ་རེད་དམ་ཞེས་ན། སྤྱིར་གནའ་སྔ་མོ་ཐོག་མར་ང་ཚོ་འཛམ་གླིང་ཀུན་དང་མཐུན་པ་བྱས་ཏེ་བོད་ལ་ཡིན་ནའང་མི་ཐོག་མར་ཆགས་པའི་སྐབས་ཤེས་བྱ་ཡོན་ཏན་དང་། བདེ་སྐྱིད་སོགས་ད་ལྟ་ནང་བཞིན་ཡོད་པ་མ་རེད། སྐབས་དེ་དུས་མི་ཕལ་ཆེ་བ་དམག་ཤུགས་དང་། དྲག་རྩབ་ཀྱི་གནས་སྟངས་ཡིན་པ་དང་། བར་ལམ་ཞིག་ནས་བོད་ནང་རྒྱལ་བློན་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཡིག་བསྐུར་རྣམ་བཞག ཤེས་བྱ་ཡོན་ཏན་དར་ཁྱབ་སོགས་བྱུང་སྟངས་དང་། བོད་ཀྱི་མེས་པོའི་ཆོས་དེ་བོན་ཆོས་ཡིན་སྟངས། དེ་རྗེས་བོད་དུ་ནང་པ་སངས་རྒྱས་པའི་ཆོས་གང་འདྲ་བྱས་ནས་དར་ཡོད་མེད། ནང་པ་སངས་རྒྱས་པའི་ཆོས་དེ་དར་བ་ལ་བརྟེན་ནས་བོད་ཀྱི་སྤྱི་ཚོགས་དེ་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་དང་། ཞི་བདེ་ལྡན་པའི་སྤྱི་ཚོགས་བཟང་པོ་ཞིག་ཆགས་ཡོད་ཅེས་དང་། ད་ལྟའི་ཆར་རྒྱ་མི་སོགས་མང་པོ་ཞིག་ནས་བོད་དེ་རྗེས་ལུས་དང་། དངོས་པོ་ཡར་རྒྱས་སོགས་མེད་སྐོར་ཤོད་ཀྱི་ཡོད། བོད་པའི་སྤྱི་ཚོགས་དེ་ཞིང་བྲན་ལམ་ལུགས་དང་དངོས་པོ་ཡར་རྒྱས་མེད་པ་ཡིན་ནའང་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་གནས་ཐུབ་ཡོད་པ་རེད། དེ་གནས་ཐུབ་པའི་རྒྱུ་མཚན་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཆགས་ཐུབ་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ་གྲུབ་རྗེས།
སངས་རྒྱས་པའི་ཆོས་ཀྱི་ངོ་སྤྲོད། སངས་རྒྱས་ཀྱི་ཆོས་དེ་ཐུན་མོང་མ་ཡིན་པར་གང་འདྲ་ཡིན་མིན། དེ་ལ་ལྟ་གྲུབ་ཀྱི་རྣམ་གཞག་གསུང་སྐབས་དྲི་བ་གསུམ་གྱི་ཐོག་ནས་དབུ་འཛུགས་གནང་ཡོད། ༸གོང་ས་མཆོག་ཕྱིའི་རྒྱལ་ཁབ་ཁག་ཏུ་ཚོགས་འདུར་ཕེབས་ཀྱང་དྲི་བ་འདི་གསུམ་ཡོང་བཞིན་འདུག ༡ བདག་ཡོད་མེད་དང་། ༢ བདག་དེ་ལ་ཐོག་མ་ཡོད་དང་མེད། ༣ བདག་ལ་མཐའ་མ་ཡོད་དང་མེད། དེ་གསུམ་གྱི་ནང་ནས། བདག་ཡོད་མེད་ཀྱི་སྐོར་རྒྱ་གར་གྱི་ནང་དར་བའི་ཧིན་རྡུའི་གྲུབ་མཐའ་ནས་གང་འདྲ་གསུང་གི་ཡོད་མེད་དང་། ནུབ་ཕྱོགས་རྒྱལ་ཁབ་ནས་ཡེ་ཤུའི་ཆོས་ལུགས་དང་། ཁ་ཆེ་སོགས་ཀྱི་ཆོས་ལུགས་ནང་ལ་གང་འདྲ་གསུང་གི་ཡོད་མེད་བཅས་མི་འདྲ་བ་ཆ་ཚང་བཀའ་སློབ་སྩལ་རྗེས་ནང་པ་སངས་རྒྱས་ཀྱི་བདག་ཡོད་མེད་སྐོར་ལ་འགྲེལ་བཤད་སོགས་ཟབ་རྒྱས་སྩལ་གནང་ཡོད།
ཉིན་གཉིས་པའི་ནང་ཆོས་ངོ་སྤྲོད་སྐབས་རྟེན་ཅིང་འབྲེལ་བའི་འབྱུང་བ་བྱུང་བ་ལས་བརྩམས་ཏེ་ལས་འབྲས་སོགས་བླང་དོར་གྱི་འཇུག་སྒོ་ཁག་ན་གཞོན་བློ་གསར་གཞོན་སྐྱེས་རྣམས་ལ་གོ་བདེ་བའི་བཀའ་སློབ་རྒྱ་ཆེ་སྩལ་གནང་གྲུབ་རྗེས། ཉིན་སོ་སོར་༸གོང་ས་མཆོག་ལ་དྭོགས་འདྲིའི་དྲི་བ་ཕུལ་བ་ཁག་ལ་མགོན་པོ་གང་ཉིད་ནས་ཐུགས་དགྱེས་མཉེས་ཆེན་པོས་གསལ་བཤད་གནང་བ་། ཕྱེད་ཡོལ་ནས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རིག་སློབ་སློབ་འཁྲིད་དགེ་རྒན་དགེ་བཤེས་བློ་བཟང་ཟླ་བ་ལགས། དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་གསུང་སྒྱུར་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་དང་། རྣམ་གྲྭ་དགེ་འཁྲིད་དགེ་རྒན་དགེ་བཤེས་བློ་བཟང་གྲགས་པ་ལགས། རིག་སློབ་དབུ་འཛིན་གཞོན་པ་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས། དེ་བཞིན་སློབ་གྲྭ་ཁག་གི་ཆོས་དགེ་བཅས་ནས་རིམ་བཞིན་༸གོང་མཆོག་ནས་བཀའ་འཁྲིད་གནང་བའི་གཞུང་དོན་ཁག་གཞི་རྩར་བཟུང་སྟེ་ཟབ་ཁྲིད་གནང་བ་དང་། སློབ་ཕྲུག་ཁག་ནས་ཀྱང་དྭོགས་འཆར་ཁག་དགེ་བཤེས་རྣམ་པར་དྭོགས་དྲི་ཞུས་ཏེ་བཀའ་ལན་གནང་བ་བཅས་དགེ་ཕན་ཧ་ཅང་ཆེན་པོ་བྱུང་ཡོད་འདུག ཐེངས་འདིའི་ནང་ཆོས་ངོ་སྤྲོད་དུ་བཀའ་སློབ་ཏུ་བཅར་མཁན་སྔ་ལོ་ལྟར་ཕེབས་ཏེ་དོན་སྙིང་ལྡན་པའི་ཕན་ཐོགས་བྱུང་ཡོད་སྐོར་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ནས་འགྲེལ་བརྗོད་གནང་འདུག