༢༠༡༡ ཟླ་ ༨ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༩ ཉིན་བོད་མི་མང་སྤྱི་འཐུས་ཚོགས་ཁང་དུ་མདོ་སྨད་སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་དགོངས་ཞུ་གནང་བའི་ཚབ་ཏུ་སྐབས་ ༡༥ མདོ་སྨད་སྤྱི་འཐུས་ཀྱི་སྒུག་ཐོ་དང་པོ་སྨན་པ་མཁྱེན་རབ་ལགས་ཀྱིས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་མདུན་དམ་འབུལ་ཞུས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱི་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང། ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི། ཚོགས་དྲུང་བཅས་ལྷན་འཛོམས་ཐོག་མདོ་སྨད་སྤྱི་འཐུས་སྨན་པ་མཁྱེན་རབ་ལགས་ཀྱིས་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་མཇལ་དར་ཕུལ་ཏེ་སྤྱི་འཐུས་ཚོགས་གཙོ་མཆོག་གི་མདུན་ལས་འཁུར་དམ་འབུལ་ཞུས་རྗེས་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་ཕུལ་གྲུབ་མཚམས་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་དང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང། ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི། ཚོགས་དྲུང། གནད་ཡོད་མི་སྣ་སོགས་ཀྱིས་ཁོང་ལ་འཚམས་འདྲིའི་མཇལ་དར་ཕུལ།
དེ་ཡང་སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མདོ་སྨད་སྤྱི་འཐུས་ནས་དགོངས་པ་ཞུས་པའི་ཚབ་ཏུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ པའི་ནང་གསེས་ ༣ པའི་དགོངས་དོན་ལྟར། དབུས་འོས་བསྡུ་ལས་ཁང་ནས་མདོ་སྨད་སྤྱི་འཐུས་དངོས་གཞིའི་འོས་བསྡུའི་སྐབས་ཀྱི་སྒུག་ཐོའི་བང་རིམ་དང་པོ་སྨན་པ་མཁྱེན་རབ་རྒྱ་མཚོ་ལགས་ཀྱིས་ཚོགས་དྲུང་ལས་ཁུངས་སུ་ལས་འཁུར་དམ་འབུལ་ཞུ་སྒོ་འབྲེལ་གཏུགས་དགོས་པའི་བརྡ་ཐོ་བཏང་བ་བཞིན། དེ་རིང་སྤྱི་འཐུས་ཚོགས་གཙོ་མཆོག་གི་མདུན་ལས་འཁུར་དམ་འབུལ་ཞུས་ཡོད།
སྨན་པ་མཁྱེན་རབ་རྒྱ་མཚོ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས་ནི། ཁོང་ཕྱི་ལོ་ ༡༩༧༠ ལོར་མཚོ་སྔོན་ཁྲི་ཀའི་ཡུལ་དུ་སྐྱེས་ཤིང་། བོད་ནས་སློབ་གྲྭ་ཆུང་འབྲིང་སོགས་རིམ་པར་ཐོན་རྗེས་ཕྱི་ལོ་ ༡༩༩༡ ལོའི་ཟླ་དང་པོའི་ནང་བཙན་བྱོལ་དུ་འབྱོར། ལོ་དེར་བོད་གཞུང་ཤེས་རིག་ཁྱབ་ཁོངས་ཀྱི་གཏན་སློབ་དགེ་རྒན་བྱས། ཕྱི་ལོ་ ༡༩༩༢ ལོ་ནས་ ༡༩༩༦ བར་བོད་གཞུང་སྨན་རྩིས་མཐོ་སློབ་ཁང་དུ་གསོ་བ་རིག་པར་བསླབས་ཏེ་སྨན་པ་བཀའ་བཅུ་པ་མཐར་ཕྱིན། ཕྱི་ལོ་ ༡༩༩༧ ལོར་བཟུང་སྨན་པའི་ལས་སུ་ཞུགས། ཕྱི་ལོ་ ༡༩༩༨ ལོར་ནས་སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེའི་ལས་འཁུར་ཞུས་ཏེ་ད་བར་ལོ་ངོ་བཅུ་གསུམ་འདས། ཕྱི་ལོ་ ༢༠༠༣ ལོར་ནས་ད་བར་སུད་སི་དང༌། ཕ་རན་སི། འཇར་མན། ཨ་རི་སོགས་སློབ་ཆེན་ཁག་ལ་བོད་ཀྱི་གསོ་བ་རིག་པའི་གཏམ་བཤད་དང་། ཚོགས་འདུ། བརྟག་དཔྱད་སྨན་བཅོས་ཀྱི་ཆེད་ཐེངས་མང་བསྐྱོད། ཕྱི་ལོ་ ༢༠༠༥ ལོར་༸གོང་ས་མཆོག་གིས་བོད་གཞུང་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་ལ་བསྐོ་གཞག་སྩལ་བ་ལྟར་ལས་ཁུར་ཞུས། ཕྱི་ལོ་ ༢༠༠༧ ལོར་བོད་སྨན་གྱི་ནང་དོན་གསལ་བྱེད་བདུད་རྩིའི་འོད་སྣང་ཞེས་པའི་དཔེ་དེབ་ཅིག་སུད་སིའི་དཔར་ཁང་ཞིག་ཏུ་འཇར་མན་སྐད་ཡིག་ནང་དཔར་སྐྲུན་གྱིས་རྒྱལ་སྤྱིའི་སྟེང་འགྲེམས་སྤེལ་བྱས། ཕྱི་ལོ་ ༢༠༠༡ ལོར་ནས་ད་བར་མདོ་སྨད་མནའ་འབྲེལ་རྩོམ་སྒྲིག་ཚོགས་ཆུང་གི་ལས་ཁུར་ཞུ་མུས་ཡིན། ༢༠༡༠ ལོར་ཨ་རིའི་ཨེ་མོ་རེའི་གཙུག་ལག་སློབ་གྲྭ་ཆེན་མོར་དབྱིན་ཡིག་སློབ་སྦྱོང་དང་འབྲེལ་བོད་སྨན་སློབ་ཁྲིད་ཆེད་མགྲོན་འབོད་བཞིན་ཟླ་ ༥ རིང་བསྐྱོད། ༢༠༡༠ ལོར་བོད་གཞུང་སྨན་རྩིས་མཐོ་སློབ་ཁང་གི་ལོ་རྒྱུས་དྲི་མེད་གསེར་ཞུན་ཞེས་པ་སྨན་རྩིས་ཁང་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་གྱི་ཆེད་དུ་བྲིས། ༢༠༠༩ ལོར་སྨན་རམས་པའི་ལག་འཁྱེར་ཐོབ་རྗེས་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་གཞོན་པར་བསྐོ་གཞག་གནང་བ་ལྟར་ལས་འཁུར་ཞུ་བཞིན་ཡོད་པ་བཅས།
སྨན་པ་མཁྱེན་རབ་རྒྱ་མཚོ་ལགས་ཀྱིས་མདོ་སྨད་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས་པ།
གསར་གནས།
འབྲེལ་གནས།