༄༅། །རྒྱ་ནག་གཞུང་གིས་བོད་ནང་དྲ་ཐོག་འབྲེལ་ལམ་ཐོག་སྔར་ལྷག་དམ་བསྒྲགས་ཤུགས་ཆེ་བྱས་ཏེ་བཙན་བྱོལ་དུ་ཡོད་པའི་བོད་མི་དང་ལྷན་དྲ་ལམ་བརྒྱུད་འབྲེལ་བ་བྱེད་མཁན་རྣམས་ལ་དོ་དམ་བཙན་པོ་བྱེད་བཞིན་ཡོད་པ་མ་ཟད། ཉེ་ཆར་རྒྱ་ནག་གི་ཉེན་རྟོག་པས་བོད་མིའི་ལག་ཐོགས་ཁ་པར་དང་སྣུམ་འཁོར་སོགས་སྔོག་བཤེར་བྱས་ཏེ་བོད་མི་ཁག་གཅིག་འཛིན་བཟུང་བྱས་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༤ ཉིན་རྒྱ་ནག་གཞུང་གིས་བོད་ཁམས་སྐྱེ་རྒུ་མདོ་ནས་ཡིན་པའི་བོད་མི་གསུམ་ལ་སྤྱི་ཚོགས་དྲ་རྒྱའི་ཐོག་པར་རིས་སོགས་བརྒྱུད་སྤེལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་བྱས་ཡོད། ཕྱོགས་མཚུངས་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་བོད་སྐྱེ་རྒུ་མདོ་ཁུལ་དུ་རྒྱ་ནག་གཞུང་གི་ཉེན་རྟོག་པས་བོད་མི་ཞིག་འབྲི་ཆུའི་ནང་གཡུགས་པ་དང་བོད་མི་གཞན་ཞིག་ལ་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༣ ཙམ་ལ་ཉེན་རྟོག་པའི་སྣུམ་འཁོར་ཐོག་ངོ་རྟགས་ཨང་གྲངས་གང་ཡང་མེད་པའི་མི་བཞིས་སྒྲུབ་བརྒྱུད་གྲོང་ཚོ་ནས་སྤྱི་ལེ་ ༦༠ ཡས་མས་ཀྱི་མཚམས་སུ་སྣུམ་འཁོར་མང་པོ་བཀག་ནས་སྔོག་བཤེར་བྱེད་བཞིན་པའི་སྐབས་ཉེན་རྟོག་པས་ཤེས་རབ་རྒྱ་མཚོའི་སྣུམ་འཁོར་ལ་སྔོག་བཤེར་བྱེད་སྐབས། རིག་གྲགས་སྣུམ་འཁོར་ནས་ཕྱི་ལ་ཐོན་ཏེ་ཉེན་རྟོག་པར་ག་རེ་བྱས་ནས་སྔོག་བཤེར་བྱེད་བཞིན་ཡོད་སྐོར་དང་ཁྱེད་ཚོ་ལས་ཁུངས་གང་ནས་ཡིན་སྐོར་དྲིས་པར། ཉེན་རྟོག་པས་ཁྱེད་རང་ཁ་བཙུམས་ནས་བསྡད་ན་ཡག་གི་རེད་ཅེས་སྡིགས་ར་སྐུལ་བ་ཙམ་མ་ཟད། འབུད་རྒྱག་ཤུགས་ཆེན་པོ་བཏང་སྟེ་འབྲི་ཆུའི་ནང་གཡུགས་པ་དང་། ཤེས་རབ་རྒྱ་མཚོ་ཁོང་ཁྲོ་ཆེན་པོ་ལངས་ནས་ཉེན་རྟོག་པའི་ཐོག་ལ་རྒྱུག་སྐབས། ཉེན་རྟོག་པ་ཞིག་གིས་ཤེས་རབ་རྒྱ་མཚོ་ལ་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་ཚབས་ཆེ་བཟོས་ཡོད། དེར་ཡོད་པའི་འགྲུལ་པ་རྣམས་ཀྱིས་ཤེས་རབ་རྒྱ་མཚོ་སྨན་ཁང་དུ་འཁྱེར་ཏེ་སྲོག་ཉེན་ལས་ཐར་ཙམ་བྱུང་བ་དང་ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད། འབྲི་ཆུའི་ནང་རིག་གྲགས་ཀྱི་ཕུང་པོ་བཙལ་བར་སོང་ཡོད་ཀྱང་རྙེད་སོན་བྱུང་མེད།
སྤྱིར་རིག་གྲགས་ནི་རང་ལོ་ ༥༠ ཡིན་པ་དང་། བཟའ་ཟླའི་མིང་ལ་བཟང་མོ་དང་ཕྲུ་གུ་བུ་མོ་གཉིས་ཡོད། གཞན་ཡང་ཤེས་རབ་རྒྱ་མཚོ་ནི་རང་ལོ་ ༢༦ དང་ཕ་ཡུལ་སྡོམ་མདའ་དར་དམར་སྡེ་བ་ནས་ཡིན་པ་དང་། ཁོང་ལ་འདོད་གཅིག་ནང་མི་ལྔ་ཡོད་པ་དང་ཕའི་མིང་ལ་ཀརྨ་དང་མའི་མིང་ལ་ཚེ་ལྷ་ཡིན།གོང་གི་དོན་རྐྱེན་འདི་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༤ ཉིན་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་མདོ་ནས་རྒྱ་ནག་ཉེན་རྟོག་པས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་ ༡༠༠ འཁོར་བ་དང་། རྒྱ་ནག་གཞུང་གིས་སྐྱེ་རྒུ་མདོ་རུ་ཡུལ་ཤུལ་ཁུལ་བཙུགས་ནས་ལོ་ ༧༠ འཁོར་བའི་དུས་དྲན་ཞེས་པ་དང་བསྟུན། མི་མང་ལ་གང་བྱུང་སྔོག་བཤེར་དང་འདྲི་རྩད་སོགས་བྱས་ཏེ། སྐྱེ་རྒུ་མདོའི་རོལ་རྩེད་ཐང་ཆེན་ནས་བོད་མི་གསུམ་ལ་ཞིབ་བཤེར་བྱས་རྗེས། ཡུལ་ཤུལ་སྡོམ་མདའ་ཡུལ་ཚོ་ནས་ཡིན་པ་རིན་ཆེན་རྡོ་རྗེ་དང་། སྐལ་བཟང་ཉི་མ། རྫ་སེར་ཤུལ་ནས་ཡིན་པ་ལྷུན་གྲུབ་བཅས་བོད་མི་གསུམ་འཛིན་བཟུང་བཙན་ཁྲིད་བྱས་པའི་རྗེས་བྱུང་བ་ཞིག་ཡིན། དེ་ཡང་ཕྱི་ཚེས་ ༤ ཉིན་རྒྱབ་སྐྱེ་རྒུ་མདོའི་རོལ་རྩེད་ཐང་ཆེན་གྱི་ཉེ་འགྲམ་དུ་གསར་བཟོ་བྱས་པའི་ཉེན་རྟོག་པའི་འགག་སྒོ་ཞིག་ནས་བོད་མི་རིན་ཆེན་རྡོ་རྗེ་དང་སྐལ་བཟང་ཉི་མ། ལྷུན་གྲུབ་བཅས་ཀྱི་ཁ་པར་ཞིབ་བཤེར་བྱས་ནས་ཁོང་གསུམ་གྱིས་ཚོགས་མི་ ༢༠༠ ལྷག་ཡོད་པའི་སྐད་འཕྲིན་ཚོགས་པ་ཞིག་ལ་ས་གནས་ལ་དམ་བསྒྲགས་དང་འབྲེལ་བའི་པར་རིས་དང་གནས་ཚུལ་བཏང་བའི་ཉེས་མིང་འོག་འཕྲལ་མར་ལག་ལྕགས་བརྒྱབ་ནས་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་རྣམས་བཙོན་ཁང་གང་དུ་ཡོད་མེད་དང་གནས་སྟངས་ཇི་ཆགས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་འདུག
རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ འཁོར་བའི་དུས་ཚིགས་སྲུང་བརྩི་བྱེད་ཀྱི་ཡོད་པ་དང་བསྟུན་བོད་ནང་དམག་མི་ཕོན་ཆེ་འགྲེམས་འཇོག་གིས་དམ་བསྒྲགས་སྔར་ལྷག་བྱེད་བཞིན་ཡོད་པ་མ་ཟད། སྐྱེ་རྒུ་མདོའི་ཁྲོམ་གཞུང་ནང་ཉེན་རྟོག་པས་འགག་སྒོ་མང་དག་གསར་བཙུགས་བྱས་ཡོད་པ་དང་ཁུལ་དེར་སྦས་ལམ་བརྙན་འཕྲིན་ཡང་སྔར་ལྷག་གསར་བཙུགས་བྱས་ཡོད་པ་བཅས། །