༢༠༡༡ ཟླ་ ༨ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕ་རན་སི་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ཨི་སི་ཊོ་ནི་ཡའི་རྒྱལ་ས་ཊ་ལིན་(Tallinn)དུ་༸ཞབས་སོར་བདེ་བར་འཁོད་ཡོད། དེ་ཡང་༸གོང་ས་མཆོག་ལ་ཨི་སི་ཊོ་ནི་ཡའི་ནང་པའི་ཆོས་ཚོགས་དང་ཨི་སི་ཊོ་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་(Riigikogu Tibet Support Group) ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཁུལ་དེར་ཕྱི་ཚེས་ ༡༨ ཉིན་གུང་བར་མཛད་འཕྲིན་རྒྱ་ཆེ་བསྐྱང་འཆར་ཡོད་འདུག དེ་ཡང་གོང་ཚེས་ཉིན་གྱི་ཉིན་རྒྱབ་༸གོང་ས་མཆོག་ཨི་སི་ཊོ་ནི་ཡའི་རྒྱལ་ས་ཊ་ལིན་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་དང་ཨི་སི་ཊོ་ནི་ཡ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨན་ཌི་རེ་སི་ཧར་ཀེལ་(Mp Mr Andres Herkel) མཆོག་གིས་གཙོས་གནད་ཡོད་མི་སྣ་ཁག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་རེ་ཌི་སོན་བྷུ་ལུའི་(Raddison Blu Hotel) མགྲོན་ཁང་གི་ཚོམས་ཆེན་དུ་༝ཨི་སི་ཊོ་ནི་ཡ་ནང་པའི་ཆོས་ཚོགས་ཀྱི་ཚོགས་མི་རྣམས་དང་གཞན་ཡང་ཆོས་ཚོགས་ཀྱིས་མགྲོན་འབོད་གནང་བའི་ཆབ་སྲིད་མི་སྣ་དང་བློན་ཆེན། གྲོས་ཚོགས་འཐུས་མི། ཨི་སི་ཊོ་ནི་ཡའི་གཙུག་ལག་སློབ་གྲྭའི་མཁས་དབང། གཞུང་འབྲེལ་མིན་པའི་ཚོགས་པ་འདྲ་མིན་གྱི་སྐུ་ཚབ་འཐུས་མི། དེ་བཞིན་ནང་པའི་ཆོས་ཚོགས་ཁག་གཅིག་གི་སྐུ་ཚབ་འཐུས་མི་བཅས་ཁྱོན་མི་གྲངས་ ༤༠༠ ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ། དེ་ཡང་མཛད་སྒོའི་ཐོག་མར་ཨི་སི་ཊོ་ནི་ཡ་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ས་ཝན་གུ་རུང་བྷག་(Mr Sven Grungberg)མཆོག་གིས་ཐེངས་འདིར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཁུལ་འདིར་ཆིབས་སྒྱུར་བསྐྱངས་ཐུབ་པ་ནི་མིག་འཕྲུལ་བྱུང་བ་ལྟ་བུར་ངོས་འཛིན་ཞུ་བཞིན་ཡོད་སྐོར་དང། ཨི་སི་ཊོ་ནི་ཡའི་མི་མང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ཤུལ་མེད་དུ་ཡལ་འགྲོ་རྒྱུའི་ཉེན་ཁ་དེར་ངེས་པར་དུ་གདོང་ལེན་བྱ་རྒྱུའི་ཆོད་སེམས་བརྟན་པོ་འཆང་བཞིན་ཡོད་སྐོར་སྙན་སྒྲོན་ཞུས་པ་དང་སྦྲགས། ༸གོང་ས་མཆོག་ལ་ཨི་སི་ཊོ་ནི་ཡའི་རྒྱལ་དར་གྱི་མཚོན་རིས་དཀར་ནག་སྔོ་གསུམ་ལྡན་པའི་ཉི་གདུགས་ཤིག་ཕྱག་རྟགས་སུ་འབུལ་ལམ་ཞུས། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩོལ་སྐབས་དེ་སྔ་ཁུལ་དེར་ཆིབས་སྒྱུར་ཐེངས་གཉིས་བསྐྱངས་པ་དེ་ཐུགས་དྲན་གསོ་མཛད་པ་དང་སྦྲགས། ཡུལ་དེར་དེ་སྔ་ལོ་ ༢༠ ཙམ་གྱི་སྔོན་ཟིང་ཕྲུག་དང་དཀའ་ངལ་གྱི་དུས་སྐབས་སུ་ཨི་སི་ཊོ་ནི་ཡའི་མི་མང་ཚོའི་སྙིང་སྟོབས་ལྡན་པའི་ཐོག་དཀའ་ངལ་རྣམས་ལ་གདོང་ལེན་བྱས་པར་བསྔགས་བརྗོད་མཛད། དེ་བཞིན་དེ་སྔ་དམར་ཤོག་གི་དབང་འགྱུར་འོག་ལོ་མང་རིང་དཀའ་སྡུག་མྱངས་རྗེས་ཨི་སི་ཊོ་ནི་ཡའི་མི་མང་ཚོས་དཔའ་ངར་ལྡན་པའི་ཐོག་ནས་རང་བཙན་དང་མང་གཙོའི་ཁེ་དབང་ཆེད་འཐབ་རྩོད་བྱས་མཐར་རྒྱལ་ཁ་ཐོབ་པའི་བྱས་རྗེས་ལ་དམིགས་བསལ་བསྔགས་བརྗོད་མཛད།
དེ་བཞིན་འབྱུང་འགྱུར་གནས་སྟངས་ཇི་འདྲ་ཞིག་ཡོང་མིན་སུ་ལའང་བརྒྱུད་མངའ་མེད་པར་བརྟེན་རང་གི་མི་ཚེའི་ནང་རེ་བ་བཟང་ས་ནས་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། གལ་ཏེ་རེ་བ་དང་བྲལ་ཚེ་གནས་ཚུལ་སྡུག་པོ་དེ་འདྲ་མང་པོ་ཞི་འབྱུང་སྲིད་པར་བརྟེན་རེ་བ་བཟང་ས་ནས་བརྒྱབ་སྟེ་འཚེ་མེད་ཞི་བའི་ལམ་འབའ་ཞིག་ལ་བསྟེན་དགོས་པ་ཧ་ཅང་གལ་ཆེ་ཡིན་སྐོར་བཀའ་སྩལ། དེ་རྗེས་༸གོང་ས་མཆོག་གིས་ཚོགས་བཅར་བའི་དྲི་བ་ཁག་གཅིག་ལ་བཀའ་ལན་མཛད། ༸གོང་ས་མཆོག་གིས་ཨི་སི་ཊོ་ནི་ཡའི་ཁུལ་དུ་ཉིན་གསུམ་གྱི་མཛད་འཕྲིན་སྐྱོང་སྐབས་ཁུལ་དེའི་ལི་བྷར་ཊི་སི་ཁེ་ཡར་(Liberty Square) ཞེས་པའི་ས་གནས་དེར་མང་ཚོགས་རྣམས་ལ་ཀུན་ཁྱབ་འགན་འཁུར། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་མ་ཟད། དྲི་བར་བཀའ་ལན་མཛད་རྒྱུ་དང་།
མགོན་པོ་གང་ཉིད་མཆོག་གིས་ཨི་སི་ཊོ་ནི་ཡའི་སྲིད་འཛིན་ཐོ་མ་སི་ཧེན་ཌི་རིཀ་(H.E Mr. Toomas Hendrik Iives)མཆོག་དང་བློན་ཆེན་ཁག་གཅིག་བཅས་དང་མཇལ་འཕྲད་མཛད་རྒྱུ་ཡིན་འདུག ད་ཐེངས་ནི་ཁུལ་དེར་༸གོང་ས་མཆོག་གི་ཆིབས་སྒྱུར་ཐེངས་གསུམ་པ་ཆགས་ཡོད།
ཕྱི་ཚེས་ ༡༨ ཉིན་རྒྱབ་༸གོང་ས་མཆོག་ལ་ཕིན་ལེན་ཌིའི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཚོགས་པ་(Finnish Tibetan Cultural Association)དང། ཕིན་ལེན་ཌི་ནང་རྟེན་གཞི་བྱས་པའི་རྙིང་མའི་ཆོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མགོན་པོ་གང་ཉིད་མཆོག་ཨི་སི་ཊོ་ནི་ཡའི་རྒྱལ་ས་ཊ་ལིན་ནས་ཕིན་ལེན་ཌིའི་རྒྱལ་ས་ཧེལ་སིང་ཀིར་ (Helsinki) ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག ཁུལ་དེར་༸གོང་ས་མཆོག་གི་ཆིབས་སྒྱུར་ཐེངས་ལྔ་པ་ཆགས་ཡོད། ཕྱི་ཚེས་ ༢༠ སྔ་དྲོ་༸གོང་ས་མཆོག་གིས་བྷ་རོ་ན་(Barona Arena)ཚོགས་ཁང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཁྲིད་སྩལ་རྒྱུ་དང་ཉིན་རྒྱབ་བྱམས་བརྩེའི་ནུས་པ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།