༄༅། །རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཞི་རྒོལ་ནང་མཉམ་ཞུགས་གནང་མཁན་རྣམས་ལ་ལྐོག་ནས་རྒྱབ་སྐྱོར་མཐུན་འགྱུར་དང་བཙན་བྱོལ་ཏུ་ཡོད་པའི་སྒྲིག་འཛུགས་ཁག་ལ་མ་དངུལ་གྱི་རོགས་སྐྱོར་བྱས་པའི་ཉེས་མིང་འོག་ཕྱི་ལོ་ ༢༠༡༠ ལོར་ལྷ་ས་གྲྭ་བཞི་བཙོན་ཁང་དུ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་ལྷ་ས་གཡག་མགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཟུགས་གཞིའི་གནས་སྟངས་ཛ་དྲག་ཆགས་ཡོད།
དེ་ཡང་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཞི་རྒོལ་ནང་མཉམ་ཞུགས་གནང་མཁན་རྣམས་ལ་ལྐོག་ནས་རྒྱབ་སྐོར་མཐུན་འགྱུར་དང་། བཙན་བྱོལ་ཏུ་ཡོད་པའི་སྒྲིག་འཛུགས་ཁག་ལ་མ་དངུལ་གྱི་རོགས་སྐྱོར་བྱས་པའི་ཉེས་མིང་འོག་ལྷ་སའི་གཡག་མགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་ལགས་རྒྱ་ནག་གཞུང་གིས་བཀག་སྐྱིལ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༦ ཉིན་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསང་བའི་ངང་ཁྲིམས་རྭ་ཚོགས་ཏེ་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་བུ་ལོན་གཡོ་ལེན་བྱས་ཡོད་པའི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད།
རྒྱ་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལགས་ལོ་མང་རིང་བཙོན་འཇུག་བྱས་ཏེ་མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས་ད་ལྟ་ཁོང་ལ་སྙིང་གི་ན་ཚ་དང་། ལུས་པོ་སྐྲངས་པ། གཞང་འབྲུམ་སོགས་ཀྱི་ནད་གཞི་ལྕི་མོ་ཕོག་ཡོད་སྟབས། གཟུགས་གཞིའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པ་མ་ཟད། རྒྱ་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལགས་ཁོང་གི་ནང་མི་དང་ཁྲིམས་རྩོད་པར་ཐུག་འཕྲད་བྱེད་འཇུག་གི་མེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ན་ནིང་ལོར་སྤེལ་བའི་གནས་ཚུལ་ལ་གཞིག་ན། རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་རྩོད་པས་ཕྱི་ལོ་ ༢༠༡༣ ལོར་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཐེངས་དང་པོ་ཞུ་འབོད་བྱས་ཡོད་ཀྱང་དེ་ལ་ལན་འདེབས་གང་ཡང་མ་བྱས་པར་ལོ་དྲུག་ཕྱིན་པའི་རྗེས། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ནང་ཞུ་འབོད་དེར་ངོས་ལེན་བྱས་མེད་པ་དང་། ཟླ་བ་རྗེས་མར་ཐེངས་གཉིས་པ་ཞུ་འབོད་བྱས་རྗེས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༦ ཉིན་རྡོ་རྗེ་བཀྲ་ཤིས་ལགས་དང་ཁོང་གི་ཁྲིམས་རྩོད་པ་གཉིས་ཕན་ཚུན་ཐུག་འཕྲད་བྱུང་ཡོད་འདུག་པ་དང་། ཁོང་བཙོན་འཇུག་བྱས་པའི་རྗེས་རྒྱ་ནག་གི་དབང་འཛིན་པས་ཁོང་གི་སྙན་གྲགས་ཆེ་བའི་གཡག་མགྲོན་ཁང་དང་། དེ་བཞིན་གཞིས་ཀ་རྩེ་ལ་ཡོད་པའི་འགྲོན་ཁང་སོགས་གཞུང་བཞེས་བཏང་ཡོད།
རྡོ་རྗེ་བཀྲ་ཤིས་ལགས་ནི། གྲུབ་འབྲས་ཆེས་ལེགས་ཤོས་བྱུང་བའི་བོད་པའི་ཚོང་པའི་གྲས་ཤིག་ཡིན་པ་དང་། ཕྱི་ལོ་ ༢༠༠༣ ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མིར་ཞུགས་ཡོད་པ་དང་། ཕྱི་ལོ་ ༢༠༠༥ ལོར་རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་ (Hu Jintao) དང་། སྲིད་བློན་ཟུར་པ་ཝུན་ཅཱ་པོ་ (Wen Jiabao) དང་ཐུག་འཕྲད་བྱས་མྱོང་ཡོད་པ་མ་ཟད། སྐབས་དེར་ས་གནས་དམར་ཤོག་སྲིད་གཞུང་གིས་ཕུལ་བྱུང་གྱི་གཞོན་སྐྱེས་བཅུའི་ཁོངས་སུ་མིང་བཏོན་ཡང་བྱས་མྱོང་ཡོད་པ་བཅས། །