༢༠༡༡ ཟླ་ ༨ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༥ ཉིན་རྒྱབ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཏོ་ལོ་སིའི་ཛེ་ནི་ཐིའི་ཚོགས་ཁང་ཆེན་མོའི་ནང་མང་ཚོགས་ཆིག་ཁྲི་བརྒལ་བར་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་ལ་གཞི་བཅོལ་བའི་བཟང་སྤྱོད། ཅེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་སྩལ་ཡོད། དེ་ཡང་མཛད་སྒོའི་ཐོག་མར་༸གོང་ས་མཆོག་གིས་དགུང་གྲངས་ ༩༤ སོན་པའི་སྐུ་ཞབས་སི་ཊེ་ཕན་ཧ་སེལ་མཆོག་ལ་འཚམས་འདྲིའི་མཇལ་དར་སྩལ། སྐུ་ཞབས་སི་ཊེ་ཕན་ཧ་སེལ་མཆོག་ནི་ཕ་རན་སིའི་རྩོམ་པ་པོ་དང་སྙན་ངག་མཁན་ཞིག་ཡིན་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་དེ་སྔ་དྲུང་ཡིག་གནང་མྱོང་ཡོད་ལ་སྐབས་དེའི་ཚོགས་མིའི་ཁོངས་ད་ལྟ་འཚོ་བཞུགས་ཡོད་མཁན་ཁོང་གཅིག་པུ་ཡིན་འདུག སྐབས་དེར་ཁོང་གིས་༸གོང་ས་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས།
༸གོང་ས་མཆོག་གི་མཁྱེན་ཡོན་ལ་བསྔགས་བརྗོད་ཞུས་པ་དང་མགོན་པོ་གང་ཉིད་མཆོག་གིས་བདེ་སྐྱིད་སྐྲུན་ཐབས་སྐོར་བཀའ་སློབ་ཉན་རྒྱུའི་གོ་སྐབས་ཐོབ་པར་དགའ་ཚོར་ཆེན་པོ་ཐོབ་ཡོད་སྐོར་ཞུས། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་ཀྱིས་ཆོས་ལུགས་རིས་མེད་གྱི་ལྟ་གྲུབ་ལ་གཞི་བཅོལ་བའི་བཟང་སྤྱོད་ཐོག་སྐད་ཆ་ཤོད་རྒྱུ་དེ་ཆོས་ལུགས་ལ་མ་གུས་པའི་བསམ་བློ་འཆང་བ་ཞིག་རྩ་བ་ནས་མིན། དེར་བརྟེན་ཆོས་ཁས་ལེན་མིན་ལ་མ་ལྟོས་པར་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཕན་གནོད་འབྲེལ་བའི་གནད་དོན་ཐོག་སྐད་ཆ་ཤོད་བཞིན་ཡོད། ངོས་ཀྱི་བསམ་པར་བཟང་སྤྱོད་ཀྱི་གཞི་རྩ་དེ་གཞན་གྱི་བདེ་སྡུག་ལ་བསམ་བློ་གཏོང་རྒྱུའི་གཞན་ཕན་གྱི་བསམ་པར་བརྟེན་དགོས། གཞན་ཕན་གྱི་བསམ་པ་དགོས་སྐོར་བརྗོད་སྐབས་སོ་སོ་རང་ཉིད་ལ་གཅེས་པོ་བྱེད་རྒྱུ་མེད་པའི་དོན་མིན་ནའང་རང་ཉིད་ཀྱི་དོན་དུ་གཞན་བློས་བཏང་བྱ་རྒྱུ་དེ་རིགས་ནོར་འཕྲུལ་ཡིན། རང་གི་མའི་བྱམས་སྐྱོང་འོག་ལུས་སེམས་གཉིས་བདེ་ཐང་ངང་འཚོ་ཐུབ་པ་ཡོང་རྒྱུ་དེ་གཞི་རྩའི་འགྲོ་བ་མིའི་འཚོ་གནས་དང་འབྲེལ་བའི་དངོས་ཡོད་ཀྱི་གནས་སྟངས་ཤིག་ཆགས་ཡོད། མ་དང་བྱིས་པའི་དབར་གྱི་མཛའ་བརྩེ་དང་བྱིས་པས་མ་ལ་མཐའ་གཅིག་ཏུ་ཡིད་ཆེས་བློ་འགེལ་གྱི་བསམ་པ་དང་མས་བྱི་པར་རང་གི་སྲོག་ལས་གཅེས་པར་འཛིན་པའི་བསམ་པ་དེ་རང་བཞིན་ལྷན་སྐྱེས་སུ་བྱུང་བ་ཞིག་ཡིན། མ་དང་བྱིས་པའི་དབར་གྱི་མཛའ་བརྩེའི་བསམ་པ་དེ་ཆོས་ལུགས་ལ་གཞི་བཅོལ་ནས་བྱུང་བ་ཞིག་རྩ་བ་ནས་མིན། ཚན་རིག་པ་ཚོས་ཀྱང་མིའི་ལུས་སེམས་བདེ་ཐང་ཡོང་རྒྱུར་ཕན་ཚུན་ཡིད་ཆེས་དང་བྱམས་བརྩེའི་ཉམས་ལེན་གྱིས་ཕན་ཐོགས་ཡོད་པ་ལས་དེ་ལས་ལྡོག་སྟེ་རྟག་ཏུ་འཇིགས་སྣང་དང་སེམས་འཚབ་བྱས་ནས་སྡོད་དགོས་ཚེ་ལུས་སེམས་ཀྱི་བདེ་ཐང་ལ་གནོད་ཀྱི་ཡོད་པ་ར་སྤྲོད་བྱས་ཡོད། བྱམས་བརྩེའ་བློ་སྦྱོང་རྒྱུ་ཡོད། དེ་ལྟར་ཡོང་བར་ཤེས་ཡོན་ལ་རག་ལུས་ཡོད། ཆོས་ཀྱི་སྐད་ཆ་གང་ཡང་མིན། ཆོས་ཡག་པོ་གང་འདྲ་ཞིག་ཡིན་ནའང་མི་ཚང་མས་གཅིག་མཚུངས་ཀྱིས་དད་པ་བྱེད་ས་ཞིག་ཡོང་ཐབས་མེད། དེ་ལས་ལྡོག་སྟེ་ཆོས་ལུགས་རིས་མེད་ལ་གཞི་བཅོལ་བའི་བཟང་སྤྱོད་དེ་མི་ཚང་མས་ཁེས་ལེན་བྱེད་ཐུབ་པ་ཞིག་ཡིན། དུས་རབས་ ༢༠ དེ་དམག་འཕྲུག་བརྒྱབ་ནས་དཀའ་ངལ་གང་ཡང་སེལ་ཐུབ་མེད། ད་ཆ་དུས་རབས་ ༢༡ དེ་གྲོས་མོལ་བྱ་རྒྱུའི་དུས་རབས་ཤིག་སྐྲུན་ཐུབ་པ་དགོས་ཞེས་སོགས་ཀྱི་བཀའ་སློབ་སྩལ། དེ་རྗེས་མང་ཚོགས་ཀྱི་དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ། ཕྱི་ཉིན་དེར་༸གོང་ས་མཆོག་ཨི་སི་ཊོ་ནི་ཡར་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།