༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་དྲུག་ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་བོད་ནང་སྲུང་བརྩི་ཞུས་པ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་ཁམས་དཀར་མཛེས་ཁུལ་ནས་ཡིན་པའི་བོད་མི་འགའ་འཛིན་བཟུང་བྱས་ཡོད་འདུག
དེ་ཡང་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་གསུངས་པར་གཞིག་ན། ཁམས་དཀར་མཛེས་ཁུལ་འཁྱག་ལུང་གྲོང་ནས་ཡིན་ཞིང་རང་ལོ་ ༤༠ ཙམ་སོན་པའི་སྐྱེས་པ་དཀོན་མཆོག་བཀྲ་ཤིས་ཟེར་བ་ཞིག་དང་། བུད་མེད་རྫ་པོ་ཞུ་བ་གཉིས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་ཁོང་གཉིས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད།
ཁོང་གཉིས་འཛིན་བཟུང་བྱེད་དོན་ནི། ༸རྒྱལ་བའི་འཁྲུངས་སྐར་ཉིན་ཁོང་གཉིས་ཀྱིས་སྐད་འཕྲིན་ཚོགས་པ་ཞིག་གི་ནང་མ་ཎི་བགྲང་དགོས་པ་དང་། པར་རིས་དང་བརྙན་ཐུང་སོགས་བརྒྱུད་སྐུར་བྱས་པས་རེད་ཅེས་འགྲེལ་བརྗོད་གནང་ཡོད།
དེ་བཞིན་གནས་ཚུལ་འབྱུང་ཁུངས་ལ་གཞིག་ན། ༸རྒྱལ་བའི་འཁྲུངས་སྐར་ཉིན་བོད་ནང་བོད་མི་ ༢༠ ནས་ ༣༠ ཡས་མས་ཙམ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་འབྲེལ་ལམ་བཀག་སྡོམ་དང་། དོགས་སྲུང་བྱ་ར་ནན་པོ་བྱེད་བཞིན་ཡོད་པས། འཛིན་བཟུང་བྱས་པའི་བོད་མི་ཁག་གཅིག་མ་གཏོགས་གཞན་ཚང་མའི་ད་ལྟའི་གནས་བབ་ཐད་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། །