༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡༧ ཉིན་རྒྱལ་སྤྱིའི་དྲང་བདེན་ཉིན་མོ་དང་བསྟུན། བྷརཏ་ཏི་བྦཏ་སམནྭཡ་སཾགྷ་ (Bharat Tibbat Samanvaya Sangh) ཞེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་དྲ་ལམ་བརྒྱུད་ཁྲིམས་ཐོག་ནས་བོད་ལ་དྲང་བདེན་རྩོད་ (Justice for Tibet: The Legal Battle) ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་གནང་ཡོད།
བགྲོ་གླེང་ཐོག་རྒྱ་གར་ཨུ་ཊར་པར་ཌེ་ཤིའི་མངའ་སྡེའི་ཁྲིམས་རྩོད་པ་ཟུར་པ་སྐུ་ཞབས་སུ་ངྷིར་ཀུ་མར་ (Sudhir Kumar Saxena) ལགས་དང་། ཁྲིམས་རྩོད་པ་སྐུ་ཞབས་ཤ་ཤི་པར་ཀཱ་ཤི་སིངྒ་ (Shri Shashi Prakash Singh) ལགས། རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་རཱམ་ཨ་ཤིཤ། (Shri Ramashish) ལགས། ཧི་མཱ་ཅལ་མངའ་སྡེའི་འཛིན་སྐྱོང་ཟབ་སྦྱོང་བསྟི་གནས་ཁང་ (HIPA) གི་སྐུ་ཞབས་སྦི་ཨར་ཀུན་ཌལ་ (Mr.B.R Kaundal) ལགས། ཁྲིམས་ལུགས་རིག་པ་བ་རྣམ་རྒྱལ་ཚེ་སྐྱིད་ལགས་སོགས་མཉམ་ཞུགས་གནང་ཡོད།དེ་ཡང་ཁྲིམས་རྩོད་པ་ཟུར་པ་སྐུ་ཞབས་སུ་ངྷིར་ཀུ་མར་ལགས་ཀྱིས་གསུང་དོན། ཕྱི་ལོ་ ༡༩༤༩ གོང་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ཞིང་། རྒྱ་ནག་གིས་ཕྱི་ལོ་ ༡༩༤༩ ལོར་བོད་ས་ཡོངས་རྫོགས་བཙན་དབང་གིས་དབང་སྒྱུར་བྱས་ཡོད། ཅེས་དང་། རྒྱ་ནག་གིས་བོད་ཀྱི་རང་བྱུང་ཐོན་ཁུངས་བཤུ་གཞོག་གཏོང་བཞིན་པ་མ་ཟད། ནང་པའི་རིག་གཞུང་སོགས་གཏོར་བཤིག་གཏོང་བཞིན་ཡོད། ཅེས་གསུངས།
གཞན་ཡང་ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ཀྱི་རང་ཐག་རང་གཅོད་ལ་བསམ་གཞིག་གནང་གི་ཡོད། འོན་ཀྱང་རྒྱ་ནག་ལ་འཇིགས་སྣང་སྐྱེས་ནས་རྒྱལ་ཚོགས་ཀྱིས་ད་བར་བོད་དོན་སླད་དོན་ཕན་ལྡན་པའི་ལག་བསྟར་གང་ཡང་གནང་མེད། བོད་ལ་དྲང་བདེན་ཐོབ་ཐབས་སུ་ད་ནི་རྒྱ་གར་གྱིས་སྣེ་ཁྲིད་དེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་འཛམ་གླིང་གི་རྒྱབ་སྐྱོར་ཐོབ་ཐབས་གནང་དགོས་པའི་དུས་ལ་བབས་ཡོད། ཅེས་གསུངས།ཁྲིམས་རྩོད་པ་སྐུ་ཞབས་ཤ་ཤི་པར་ཀཱ་ཤི་སིངྒ་ལགས་ཀྱིས་གསུང་དོན། ང་ཚོའི་ངོས་ནས་རྒྱ་ནག་གིས་བོད་མི་རྣམས་ལ་དྲག་གནོན་དང་། བཙོན་འཇུག དམར་གསོད་སོགས་བྱེད་བཞིན་པ་རྣམས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གླེང་སློང་བྱེད་དགོས། ཞེས་དང་། རྒྱ་གར་ལ་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་ལྷན་དུ་བོད་ཀྱི་བདེན་དོན་གསལ་ཐུབ་པའི་ནུས་པ་ཡོད། ཅེས་གསུངས།
སྐུ་ཞབས་རཱམ་ཨ་ཤིཤ་ལགས་ཀྱིས། ཉེ་ཆར་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དི་ (Narendra Modi) མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་དྲུག་ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་གནང་བ་ནི་རྒྱ་གར་གྱིས་རྒྱ་ནག་ལ་གྲ་སྒྲིག་ཡོད་པའི་བརྡ་ལན་ཞིག་བཏང་ཡོད། ཅེས་དང་། རྒྱ་གར་མི་མང་གིས་བོད་མིའི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས། ཞེས་གསུངས།ཁྲིམས་ལུགས་རིག་པ་བ་རྣམ་རྒྱལ་ཚེ་སྐྱིད་ལགས་ཀྱིས། རྒྱ་ནག་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག རང་དབང་སོགས་ཀྱི་ཐོག་དབང་སྒྱུར་བྱེད་བཞིན་པ་སོགས་ཀྱི་སྐོར་གསུངས།
སྐུ་ཞབས་ཀུན་ཌལ་ལགས་ཀྱིས། རྒྱ་གར་གྱིས་དུས་རྟག་ཏུ་བོད་ཀྱི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་གི་ཡོད། བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་སུ་ང་ཚོས་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཞུ་གཏུག་བྱེད་དགོས། ཞེས་སོགས་གསུངས།དེ་བཞིན་སྐུ་ཞབས་ཨཤ་ཝ་ནི་ཀུ་མར་ཏྲི་པ་ཐི་ (Shri Ashwani Kumar Tripathi) ལགས་ཀྱིས་ཀྱང་བོད་ལ་དྲང་བདེན་ཐོབ་ཐབས་སུ་ང་ཚོས་བོད་མི་འཐབ་རྩོད་པ་རྣམས་དང་ལྷན་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཞུ་གཏུག་བྱེད་དགོས། ཞེས་གསུངས།
ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཕྱི་རྒྱལ་ཡུལ་གྲུ་ཁག་ཚུད་པའི་རྒྱ་གར་གྱི་ས་ཁུལ་འདྲི་མིན་ཁག་ ༡༤༠ ནས་ཚོགས་བཅར་བ་ཁྱོན་མི་གྲངས་ ༢༣༢ མཉམ་ཞུགས་གནང་ཡོད་པ་བཅས།།