༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་འཛམ་གླིང་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་འཛམ་གླིང་ས་ཕྱོགས་གང་སར་དུ་ཡོད་པའི་བོད་མི་དང་བོད་ཀྱི་གྲོགས་པོ། བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། རྒྱ་གར་ས་ཕྱོགས་འདྲ་མིན་དུ་ཡོད་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གི་གནས་སྟངས་ལ་མ་ལྟོས་པར་༸རྒྱལ་བའི་སྐུའི་འཁྲུངས་སྐར་དུས་ཆེན་རྣམ་པ་འདྲ་མིན་གྱི་ལམ་ནས་སྲུང་བརྩི་ཞུས་ཡོད།
དེ་ཡང་ཕྱི་ཚེས་ ༥ ཉིན་གྱི་དགོང་དྲོར་བྷརཏ་ཏི་བྦཏ་སམནྭཡ་སཾགྷ་ (Bharat Tibbat Samanvaya Sangh) ཞེས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་དྲ་ལམ་བརྒྱུད་༼ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ཞི་བདེ་དང་བྱམས་སྙིང་རྗེའི་བླ་སྲོག་ཡིན། ༽ ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་བསྐོང་ཚོགས་གནང་ཡོད། སྐབས་དེར་དྲ་ཐོག་གི་ལས་རིམ་དུ་ལྦར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་དང་། (Kshetriya Prachar Pramukh) ནས་སྐུ་ཞབས་པ་དམ་སིངྒ་ (Padam Singh) ལགས། ཇ་ཡ་པྲ་ཀཱཤ་ན་རཱ་ཡན་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་ཟུར་པ་སྐུ་ཞབས་ཧཱ་རི་ཀེཤ་སིངྒ་ (Harikesh Singh) ལགས། རཱཤ་མི་ཏྱགྷི་རཱ་ཝཏ་(Rashmi Tyagi Rawat) ལགས། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་འབྱོར་ལྡན་ལགས་བཅས་མཉམ་ཞུགས་གནང་ཡོད།ཕྱི་ཚེས་ ༦ ཉིན་ཏེ་༸སྐུའི་འཁྲུངས་སྐར་ཉིན་འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིན་དི་རེ་ཤི་ཀུ་མར་ (Shri Indresh Kumar) མཆོག་གི་ལམ་སྟོན་གཞིར་བཟུང་ངོ་དེབ་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་ལས་རིམ་ཐད་གཏོང་གནང་ཡོད། དྲ་ཐོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩིའི་ཐོག་འཛམ་གླིང་ནང་པ་དང་ཐའེ་ལན་ཌིའི་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་ (Pornchai Palawadhammo) ལགས། ཚན་རིག་པ་མ་དུ་ཀྲི་ཤན་ (Madhu Krishan) ལགས། མཛད་སྒོའི་སྐུ་མགྲོན་གཙོ་བོ་དགེ་བཤེས་ཨཅཱརྱ་རྒྱལ་མཚན་ལགས། བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཧཱར་ཇིཏ་སིངྒ་གྷེ་རེ་ཝལ་ (Harjeet Singh Grewal) ལགས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་པན་ཀ་ཇི་གོ་ཡལ་ (Pankaj Goyal) ལགས། ཝི་ཇེ་ཤཱར་མཱ་ (Vijay Sharma) ལགས་བཅས་མཉམ་ཞུགས་གནང་ཡོད།ཕྱོགས་མཚུངས་དེ་ཉིན་བྷི་ཧཱར་དང་མི་རཌ། ཨ་སམ། ལྡི་ལི། ཨ་རུ་ནཱ་ཅལ་མངའ་སྡེ་བཅས་ཀྱི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཡོད། གཞན་ཡང་རྒྱ་གར་ས་ཕྱོགས་འདྲ་མིན་དུ་ཡོད་པའི་ཧིན་བོད་མཛའ་འབྲེལ་ཚོགས་པས་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་རྣམ་པ་འདྲ་མིན་གྱི་ལམ་ནས་ཞུས་ཡོད། ཨ་སམ་དུ་ཡོད་པའི་ (Free Tibet: Voice from Assam) ཞེས་པའི་བོད་དོན་ལས་འགུལ་ཚོགས་པས་ངོ་དེབ་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འགྲོ་བ་མིའི་རིགས་ཀྱི་སླད་འགྱུར་ལྡོག་མེད་པའི་རེ་བ་ཡིན། ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་ལས་རིམ་ཞིག་གོ་སྒྲིག་གནང་ཡོད།
བགྲོ་གླེང་གི་ལས་རིམ་ཐོག་གསུང་བཤད་གནང་མཁན་ཨ་སམ་གྱི་རྩོམ་པ་པོ་སྐུ་ཞབས་སྦི་པུལ་དིའུ་རི་ (Bipul Deuri) ལགས་དང་། བོད་དོན་ལས་འགུལ་བ་ནོ་ཝ་ནི་ཏ་ཤཱར་མཱ་ (Novanita Sharma) ལགས། ཨ་སམ་དང་མེ་གྷ་ལ་ཡ་མངའ་སྡེའི་ས་གནས་རྒྱ་གར་བོད་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་སོ་མ་ཡ་ཌིབ་དཱ་ཏཱ་ (Shri Soumyadeep Datta ) ལགས་བཅས་ཡིན།ཕྱོགས་མཚུངས་ནུབ་བྷེང་གྷལ་དུ་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། ས་ལུ་གུ་རར་ཧི་མ་ལ་ཡའི་བོད་དོན་ལས་འགུལ་ཚོགས་པའི་དྲུང་ཆེ་བསོད་ནམས་ལྷུན་གྲུབ་ལགས་ཀྱི་གོ་སྒྲིག་འོག་༸སྐུའི་འཁྲུངས་སྐར་གྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད། གཞན་ཡང་མཧ་རཱཤཀྲ་མངའ་སྡེའི་གྲོང་ཁྱེར་ནག་པུར་དང་ཨུ་ཊར་པར་ཌེ་ཤིའི་མངའ་སྡེ་གྲོང་ཁྱེར་མི་རཌ་བཅས་ཀྱི་ནང་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།རྒྱ་གར་ས་ཕྱོགས་འདྲ་མིན་གྱི་བྷརཏ་ཏི་བྦཏ་སམནྭཡ་སཾགྷ་ཞེས་པའི་ཚོགས་པས་ཐེངས་འདིའི་༸སྐུའི་འཁྲུངས་སྐར་དེ་བཞིན་ཧིན་སྐད་ཐོག་ “Vishwa Shanti aur Sankalp Diwas” ཞེས་པའི་བརྒྱུད་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་པའི་ཐོག་མགོན་པོ་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་འཛམ་གླིང་ཁྲོད་བྱམས་བརྩེ་དང་ཞི་བདེ། སྙིང་རྗེ། འཚེ་མེད་ཞི་བའི་ཐོག་བཀའ་སློབ་ལམ་སྟོན་རྒྱ་ཆེ་བསྩལ་གནང་ཡོང་བ། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ཏེ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སླར་ཡང་བོད་དུ་ཆིབས་སྒྱུར་གནང་ཐུབ་པའི་གསོལ་བ་སྨོན་ལམ་འདེབས་ཡོད་པ་བཅས། །