༄༅། །འདི་གར་ཧོན་རབ་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་སྒར་དུ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཐམས་ཅན་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་དྲུག་ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་ཕྱོགས་ལམ་སྟོན་བཞིན་ས་གནས་ཀྱི་གནད་ཡོད་མི་སྣ་རྣམ་པ་ཚང་འཛོམས་ཐོག་མཛད་སྒོ་སྟབས་བདེ་ཞིག་གོ་སྒྲིག་ཞུས་པ་དང་། གཞིས་མི་བྱིངས་རྣམས་ནད་ཡམས་ཀྱི་གནས་སྟངས་དབང་གིས་འདུ་འཛོམས་རིགས་བྱས་མེད། ༸སྐུའི་འཁྲུངས་སྐར་དང་བསྟུན་ཁྱབ་ཁོངས་༸དཔལ་ལྡན་རྒྱུད་སྨད་གྲྭ་ཚང་ནས་གཞིས་མི་ཡོངས་ལ་ཁྱོན་ཧིན་སྒོར་འབུམ་བཅོ་ལྔ་ལྷག་གི་ཉིན་རེའི་མཁོ་བའི་སྐམ་ཟས་དང་དུག་སེལ་སྨན་ཆུ། ཁ་རས་སོགས་བགོ་འགྲེམས་ཞུས་པ་དང་། ཤིང་སྡོང་གྲངས་ ༡༡༣ འདེབས་འཛུགས་ཞུས།༸དཔལ་ལྡན་རྫོང་དཀར་ཆོས་སྡེ་གྲྭ་ཚང་ནས་ས་གནས་ཀྱི་གཞིས་མི་དགོས་མཁོ་ཅན་དང་གཞིས་ཆགས་ཀྱི་ཁྱིམ་མཚེས་ཡུལ་མི་དཀའ་ངལ་ཅན་ཁྱོན་མི་གྲངས་ ༡༡༣ དང་། དེ་བཞིན་མངའ་སྡེའི་གྲོས་ཚོགས་འཐུས་མི་ཨེཅ་པི་མན་ཇུ་ནཱཐ་ (Shri H.P.Manjunath,MLA) བརྒྱུད་ཧོན་སུར་ཡུལ་མི་དཀའ་ངལ་ཅན་གྲངས་ ༡༠༠༠ ལ་ཁྱོན་ཧིན་སྒོར་འབུམ་གསུམ་དང་ཕྱེད་ཀ་ལྷག་གི་སྐམ་ཟས་བགོ་འགྲེམས་དང་ཤིས་སྡོང་གྲངས་ ༡༡༣ འདེབས་འཛུགས་ཐུབ་པ་བྱུང་ཡོད།
ཕྱོགས་མཚུངས་ཁྱབ་ཁོངས་སྡེ་ཚན་དང་གཞིས་མི་ཡོངས་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་མ་ཎི་ཡི་གེ་དྲུག་མ་ཁྱོན་བསྡོམས་ ༤༢༤༠༥༡༣ གསོག་སྒྲུབ་ཞུས་ཡོད་པ་བཅས། །