༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་རྒྱ་གར་གྱི་རེ་ཌེ་སིའི་ནད་རིགས་བརྟག་དཔྱད་ཁང་ (Dr. Reddy’s Laboratories Ltd) གི་ཟུང་འབྲེལ་ཚོགས་གཙོ་དང་འཛིན་སྐྱོང་འགན་འཛིན་པརཱ་སདྷ་ (G.V. Prasad) ལགས་དང་ལྷན་དུ་བྱམས་བརྩེ་དང་འཕྲོད་བསྟེན་ཞེས་པའི་བརྗོད་གཞིའི་ཐོག་གླེང་མོལ་མཛད་ཡོད།
དེ་ཡང་ཐོག་མར་ཌེ་སིའི་ནད་རིགས་བརྟག་དཔྱད་ཁང་གི་ཟུང་འབྲེལ་ཚོགས་གཙོ་དང་འཛིན་སྐྱོང་འགན་འཛིན་པརཱ་སདྷ་ལགས་ཀྱིས་༸གོང་ས་མཆོག་གི་སྐོར་ངོ་སྤྲོད་དང་། ༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་གནང་ཡོད། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ཚང་མར་བཀྲ་ཤིས་བདེ་ལེགས། རྣམ་པ་ཚོས་ངོས་ལ་གོ་སྐབས་འདི་གནང་བར་རྗེས་སུ་ཡི་རང་ཞུ་གི་ཡོད། ངོས་རང་བོད་ནང་སྐྱེས་པ་རེད། ཡིན་ཡང་ངོས་ཀྱི་མི་ཚེ་ཕལ་ཆེ་བ་ཞི་བདེ་ལྡན་པའི་རྒྱ་གར་ལུང་པ་འདིའི་ནང་བསྐྱལ་ཡོད།རྒྱ་གར་ནང་ཆོས་ལུགས་མཐུན་སྒྲིལ་དང་གསར་འགོད་རང་དབང་ཡོད། ངོས་ཀྱིས་རང་དབང་གི་སྒོ་ནས་སོ་སོའི་བསམ་བློའི་ནང་གང་ཡོད་པ་བརྗོད་ཆོག་གི་ཡོད་ལ། ངོས་ཀྱིས་བཤད་པའི་སྐད་ཆ་དེ་དག་འཛམ་གླིང་གི་ས་ཕྱོགས་གང་སར་སླེབ་ཐུབ་ཀྱི་ཡོད། ངོས་རང་འདིར་སྐྱིད་པོ་འདུག ཁ་སང་ངོས་ཀྱི་སྐྱེས་སྐར་ཉིན་མོར་རྒྱ་གར་གྱི་སྲིད་བློན་མཆོག་དང་། རྒྱ་གར་གྱི་དབུས་གཞུང་དང་མངའ་སྡེ་གཞུང་གི་བློན་ཆེན་རྣམ་པ། དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་པེ་ལོ་སི་མཆོག་དང་ངོས་ཀྱི་གྲོགས་པོ་རྙིང་པ་རྣམ་པ་སོགས་ནས་འཚམས་འདྲི་གནང་བྱུང་། གོ་སྐབས་འདི་བརྒྱུད་ངོས་ལ་འཚམས་འདྲི་གནང་མཁན་ཡོངས་ལ་ཐུགས་རྗེ་ཞུ་རྒྱུ་ཡིན།ནན་སི་པེ་ལོ་སི་མཆོག་བོད་ནང་གཟིགས་སྐོར་ཕེབས་མྱོང་ཡོད་པ་མ་ཟད། བོད་མི་དང་རྒྱ་རིགས་ཀྱི་འགོ་ཁྲིད་ཚོར་སྐད་ཆ་བཤད་མྱོང་ཡོད། ནན་སི་པེ་ལོ་སི་མཆོག་རྡ་སར་ཕེབས་མྱོང་ཡོད། ངོས་ཀྱི་རྨི་ལམ་དང་མ་འོངས་ལུང་བསྟན་དེ་འདྲའི་ནང་ངོས་རང་ལོ་ ༡༡༠ ཡང་ན་ལོ་ ༡༡༣ བར་བསྡད་རྒྱུའི་རྟགས་མཚན་སྟོན་གྱི་འདུག ངོས་ཀྱི་ཉམས་ལེན་གཙོ་བོ་བྱམས་བརྩེ་དང་འཚེ་བ་མེད་པ་ཡིན། ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་ནི་ང་རང་ཚོ་རང་གིས་བཟོས་པ་ཤ་སྟག་རེད། བྱམས་བརྩེའི་མ་འདང་པར་བརྟེན་ནས་དཀའ་ངལ་དེ་དག་འབྱུང་གི་ཡོད། དེར་བརྟེན་ངོས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་ཐོག་ནས་བྱམས་བརྩེ་དང་འཚེ་བ་མེད་པ་གོང་མཐོར་གཏོང་གི་ཡོད།
ངོས་ཀྱི་ལས་འགན་གསར་ཤོས་དེ་རྒྱ་གར་གྱི་ནཱ་ལེནྡྲའི་ལེགས་བཤད་དེ་དག་བསྐྱར་གསོ་བྱེད་རྒྱུ་དེ་ཡིན། མི་ཚང་མས་གཟུགས་པོའི་འཕྲོད་བསྟེན་ལ་བདག་གཅེས་གནང་གི་ཡོད། འོན་ཀྱང་ང་ཚོས་སེམས་ཀྱི་ཞི་བདེས་གཟུགས་གཞིའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དེ་ངོས་འཛིན་ཞུ་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་བཀའ་འདྲི་ཁག་གཅིག་ལ་བཀའ་ལན་སྩལ་ཡོད།སྐབས་དེར་མགོན་པོ་གང་ཉིད་ཀྱིས། སྨན་པ་དང་སྨན་ཞབས་པ་ཚོས་ནད་པར་བྱམས་བརྩེའི་སྒོ་ནས་ལྟ་རྟོག་གནང་དགོས། སྨན་པ་དང་སྨན་ཞབས་པའི་ལས་ཀ་དེ་མི་གཞན་ལ་རོགས་རམ་གནང་རྒྱུ་ཡིན་སྟབས། བྱམས་བརྩེ་ངེས་པར་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད། ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར་རྒྱལ་ཁབ་དང་མི་རིགས་ཚང་མར་དཀའ་ངལ་དེ་དག་སེལ་བར་ཐུན་མོང་གི་འགན་ཡོད། གཞན་ལ་ལྟ་རྟོག་བྱེད་བཞིན་པའི་སྐབས་སྨན་པ་དང་སྨན་ཞབས་པ་སོགས་འདས་གྲོངས་སུ་གྱུར་བ་ཡིན་ན། ཁོང་ཚོའི་ནང་མི་རྣམས་ཀྱིས་སྤོབས་པ་བྱེད་དགོས། དེ་དང་ཆབས་ཅིག་ཏུ་འདས་པོ་རྣམས་ཀྱི་བདེ་དོན་ཆེད་དུ་སྨོན་ལམ་རྒྱག་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་བཅས།།