༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་དྲུག་ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཐོག་ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ རིན་པོ་ཆེ་མཆོག་གིས་གསུང་འཕྲིན་གནང་དོན།
ལྷར་བཅས་སྲི་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། ༸གོང་ས་ལྷ་མིའི་རྣམ་འདྲེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་འཛམ་གླིང་དུ་སྐུའི་སྐྱེ་བ་མི་རུ་བཞེས་ཏེ་མི་ལོ་གྲངས་ ༨༦ འཁོར་བའི་༸སྐུའི་འཁྲུངས་ལ་ངས་སྒོ་གསུམ་གུས་པ་ཆེན་པོས་མི་ཕྱེད་དད་པའི་སྒོ་ནས་ལྷ་ཕྱག་གྲངས་མེད་དང་བཅས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག་མགོན་པོ་གང་ཉིད་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་སྐལ་བརྒྱར་བསྟན་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་རྒྱུ་དང་། ལྷག་པར་རང་ཅག་བོན་འབངས་ཡོངས་ཀྱིས་མགོན་པོ་གང་ཉིད་ཀྱི་ཞལ་ནས། ཁོང་ལ་འཁྲུངས་སྐར་གྱི་ལེགས་སྐྱེས་ཡག་ཤོས་དེ་བསམ་པ་བཟང་པོ་བྱ་རྒྱུ་དེ་ཡིན་པ་གསུངས་པ་དེ་ནམ་རྒྱུན་དུ་སོ་སོ་རང་ཉིད་ཀྱིས་གང་ཐུབ་དང་ལེན་གྱིས་བསམ་པ་བཟང་པོའི་ཐོག་ནས་གཞན་ཕན་སྒྲུབ་རྒྱུར་འབད་བརྩོན་གནང་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག
དེ་ཙམ་དུ་མ་ཟད་མགོན་པོ་གང་ཉིད་སྐུ་སྐྱེ་བ་བཞེས་ནས་ད་བར་བཀའ་དྲིན་བླ་མེད་དུ་བསྐྱངས་བར་བཀའ་དྲིན་གསོ་བའི་ཚུལ་དུ་མགོན་པོ་གང་ཉིད་ཐུགས་ཕམ་ཡོང་བའི་ལས་དོན་མ་བརྩམ་རྒྱུ་དང་། ལག་ལེན་དེ་ལྟར་ལྡན་པར་རྗེས་འཇུག་པ་རྣམས་ཀྱིས་འགན་འཁྲིར་བསམ་ནས་འབད་བརྩོན་གནང་དགོས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག
དེ་བཞིན་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་འགྲོ་བ་མི་ཡོངས་རྫོགས་གཅིག་མཚུངས་སུ་གཟིགས་སྟངས་ཡོད་པ་ལྟར་རང་ཅག་རྗེས་འཇུག་པ་ཡོངས་ནས་ཀྱང་མགོན་པོ་གང་ཉིད་ཀྱི་དགོངས་གཞི་ནང་བཞིན་འགྲོ་ཨེ་ཐུབ་ལྟ་རྒྱུ་མ་ཟད། དེ་ལྟར་མ་ཐུབ་ནའང་རང་ཅག་བོད་རིགས་སྤུན་ཟླ་རྣམས་ཀྱིས་ནང་ཕན་ཚུན་ཕྱོགས་རིས་དང་ཕྲག་དོག་གི་ཀུན་སློང་དབང་དུ་མ་སོང་བར་ཚང་མ་བོད་རིགས་གཅིག་པ་ཡིན་པའི་བསམ་བློ་བཏང་ཐུབ་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཆ་ཤས་ཤིག་བསྒྲུབས་པ་རེད། ང་ཚོ་ཚང་མས་དེ་ལྟར་འབད་བརྩོན་དགོས་པའི་འབོད་སྐུལ་ཞུ་རྒྱུ་གཙོ་བོ་དེ་ཡིན།
དེར་བརྟེན་ང་ཚོ་ཚང་མས་༸རྒྱལ་དབང་མཆོག་གི་དགོངས་པ་དང་། བཀའ་སློབ་ལམ་སྟོན་ཐོག་ཤར་བསྐྱོད་དགོས་རྒྱུ་ནི་བོད་མི་དང་རྗེས་འབྲང་བ་རྣམས་ཀྱིས་ལས་འགན་ཡིན་སྟབས། དེ་དག་ཚང་མས་ཐུགས་ལ་འཇོག་རོགས། ཞེས་ཞུ་རྒྱུ་ཡིན།
མཐའ་དོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་མི་འགྱུར་གཡུང་དྲུང་ཁམས་སུ་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་དང་བཅས། ཐ་ཚན་མུ་ཙུག་སྨར་རོ།། །།