༄༅། །འདི་གར་ལུགས་བདེའི་གཞིས་ལས་ཁང་ཐུན་མོང་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་དབུས་གཞུང་ནས་འདི་ཟླའི་ཚེས་ ༢༡ ནས་རང་ལོ་ ༡༨ ནས་ ༤༤ བར་གྱི་མི་མང་ལ་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་རུང་། ས་གནས་ས་ཐོག་གི་འཛིན་སྐྱོང་བཀོད་བྱུས་དབང་གིས་སྔོན་ཁབ་དུས་ཐོག་རག་རྒྱུར་དཀའ་ངལ་འཕྲད་བཞིན་པར་སོང་། སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་སེར་སྨད་ཐོས་བསམ་ནོར་གླིང་དང་། སེར་བྱེས་མཁས་སྙན་གྲྭ་ཚང་གཉིས་ཀྱིས་སྨན་སྦྱིན་གནང་བའི་ཐོག་ནས་དེ་རིང་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༢༡ ཉིན་སྦེལ་ཀོབ་འཚོ་བྱེད་ཁང་གསར་སྨན་ཁང་དུ་མེ་སཽར་ཨེ་པཱོ་ལོ་སྨན་ཁང་གི་ཏོག་དབྱིབས་ ༡༩ སྔོན་ཁབ་རྒྱག་མཁན་ཆེད་འབོད་ཀྱིས་དེ་སྔོན་སྔོན་ཁབ་རག་རྒྱུ་བསྡད་པ་གཞིས་མི་གྲངས་ ༧༠ དང་། གཞིས་ཆགས་ནང་དུ་མཉམ་གནས་བྱེད་མཁན་བལ་པོ་དང་། ཧི་མ་ལ་ཡའི་རི་རྒྱུད་པ། བྷི་ཧར། ཆ་དྷིས་གྷར་སོགས་ནས་ཡིན་པའི་རྒྱ་གར་བ་མི་གྲངས་ ༡༣༠ བཅས་ཁྱོན་མི་གྲངས་ ༢༠༠ ལ་རིན་མེད་ཐོག་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་སྨན་ཐུན་དང་པོ་བརྒྱབ་ཐུབ་པ་བྱུང་ཡོད།དེ་རྗེས་སེ་ར་བྱེས་སུའང་དགེ་འདུན་པ་ཞལ་གྲངས་ ༡༣༦ ལ་འགོག་ཁབ་བརྒྱབ་ཡོད། དེ་དོན་དེ་རིང་དམིགས་བསལ་གོ་སྒྲིག་འོག་མི་གྲངས་ཁྱོན་བསྡོམས་ ༣༣༦ ལ་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་ཐོབ་ཡོད།
དེ་ལྟར་ཐེག་མཆོག་རྣམ་གྲོལ་གླིང་དང་། སེ་ར་སྨད། སེ་ར་བྱེས། བཀྲ་ཤིས་ལྷུན་པོ་བཅས་དགོན་སྡེ་ཁག་གི་མཐུན་འགྱུར་ཕྱ་བ་གྲུ་འདེགས་གནང་བའི་སྟོབས་ཀྱིས་སྦེལ་ཀོབ་གཞིས་ཆགས་ནང་དུ་ཡོད་པའི་རང་ལོ་ ༡༨ ནས་ ༤༤ བར་གྱི་གཞིས་མི་གཙོ་བོར་གྱུར་པའི་མི་མང་ཡོངས་རྫོགས་ལ་ཏོག་དབྱིབས་གཉན་རིམས་འགོག་ཁབ་སྨན་ཐུན་དང་པོ་རེ་ཞིག་བརྒྱབ་ཟིན་པ་བཅས།།